ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།
རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ཞང་བོད་རིག་པའི་གར་སྟེགས།] [རྩོམ་པ་པོ། ཨ་ཀྲོང་རིན་རྒྱལ།] [ཟླ་ཚེས། 12-09-10] [ཀློག་གྲངས། ]

༄༅། །རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་ཐེངས་དང་པོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྨན་རིའི་དཔེ་མཛོད་ཁང་དུ་ཚོགས་པ།


ཚོགས་འདུའི་སྐབས་སུ་ཆིབས་བསྒྱུར་སྐྱོང་བའི་སྐུ་མགྲོན་རྣམ་པ།

   ཁ་སྔོན་ཟླ་ཤས་སྔོན་དུ་གསར་བརྡ་བཏང་བ་བཞིན་ལོ་ཙྭ་བ་རིན་ཆེན་བཟང་པོའི་ཡི་གེ་རིག་གཞུང་ཚོགས་པ་དང་། གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་སྤྱི་ལོ་༢༠༡༢་ཟླ་༩་ ཚེས་༦་ཉིན་རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་ཆེན་ཐེངས་དང་པོ་སྨན་རིའི་དཔེ་ མཛོད་ཁང་དུ་ཚོགས་ཏེ་ཚོགས་མགོན་ཏུ་ཆིབས་བསྒྱུར་བསྐྱངས་མཛད་པའི་སྐུ་མགྲོན་ གཙོ་བོ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དབུས་ པའི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པཱེ་རེམ་ཀུ་ མར་དྷུ་མལ་Himachal state chief minister professor prem kumar Dhumal མཆོག་དང་། འདི་གའི་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་ བཤེས་ཉི་མ་དོན་གྲུབ་མཆོག བཤད་སྡེའི་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་མཆོག ཧི་མ་ཅལ་མངའ་སྡེའི་འཕྲོད་རྟེན་བློན་ཆེན་ཟུར་པ་Rajive Bindal མཆོག མཁས་དབང་ཊཱ་ཀུར་ཇག་ལྡེབ་ཅན་དྷི་ནཱེ་རི་ཧ་མིར་པུར་རྒྱལ་རབས་ལོ་རྒྱུས་ཞིབ་ འཇུག་ཁང་གི་ངེས་སྟོན་པ་ Thakur jagdev Chand མཆོག ཊཱ་ཀུར་ལྦེ་དྷ་ཡ་ཅན་དྷི Thakur Vidya chand མཆོག ཅན་དྷར་མོ་ཧན་ཊཱ་ཀུར་ཧི་མ་ཅལ་གྱི་མངའ་སྡེའི་སྤྱི་ཁྱབ་དངུལ་ཁང་གི་ཚོགས་གཙོ་ Thakur Chander Mohan མཆོག མཁས་དབང་གར་ཞྭ་ཚེ་རིང་རྡོ་རྗེ་མཆོག བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་མཆོག ཁྲིམས་ཞིབ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག མངའ་སྡེའི་སིར་མོར་རྫོང་གི་སྐུ་ཚབ། མངའ་སྡེའི་སོ་ལན་རྫོང་གི་སྐུ་ཚབ། ས་གནས་གཞིས་འགོ་གཡུང་དྲུང་འཆི་མེད་མཆོག་དང་དེ་བཞིན་ཆེད་དུ་གདན་འདྲེན་ཞུས་པའི་མཁས་དབང་རྣམས་དང་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་གྲྭ་མང་སྤྱི། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་རྣམས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཐོ་རིམ་སློབ་མ་དང་བོན་གཞིས་ཉིན་སློབ་ཀྱི་མཐོ་འབྲིང་སློབ་ཕྲུག་ཁག་བཅས་ཚོགས་ཞུགས་བ་བརྒྱ་ཕྲག་བདུན་ལ་ཉེ་བ་འདུ་འཛོམས་གནང་སྟེ། ཐེངས་འདིའི་ཚོགས་འདུའི་སྤྱི་ཁྱབ་འགན་འཛིན་མཁས་དབང་གར་ཞྭ་ཚེ་རིང་རྡོ་རྗེ་ལགས་ཀྱིས་སྔོན་འགྲོའི་མཛད་སྒོ་དབུ་འཛུགས་གནང་རྗེས། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་སྣང་གསལ་སྒྲོན་མེའི་ཞལ་དབྱེ་ཕྱེས་ནས་ཚོགས་ཐོག་ཏུ་ཕེབས་པའི་སེར་སྐྱ་མི་མང་རྣམས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལས་གསུངས་རྗེས།


༧རྒྱལ་བ་སྨན་རི་བ་མཆོག་དང་ཧི་མ་ཅལ་གྱི་བློན་ཆེན་གཉིས་ཐོག་མར་མཇལ་འཕྲད་སྐབས།

   མཁས་དབང་གར་ཞྭ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་དང་གསུང་བཤད་གནང་། མཁས་དབང་ཊཱ་ཀུར་ཇག་ལྡེབ་ཅན་དྷི་ནཱེ་རི་ཧ་མིར་པུར་རྒྱལ་རབས་ལོ་རྒྱུས་ཞིབ་འཇུག་ཁང་གི་ངེས་སྟོན་པ་Thakur jagdev Chand མཆོག་གིས་ཞང་ཞུང་གི་རིག་གནས་སོགས་དར་སྤེལ་དང་ཞིབ་འཇུག་བྱེད་སྟངས་སོགས་གཏམ་བཤད་གནང་། དེ་རྗེས་གཞིས་འགོ་གཡུང་དྲུང་འཆི་མེད་ལགས་ཀྱིས་ཚོགས་འདུའི་ཕེབས་བསུའི་སྐོར་གཏམ་བཤད་ཟབ་རྒྱས་གནང་། དེ་རྗེས་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཞང་ཞུང་གི་སྐད་དང་རིག་གཞུང་ སོགས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དགོས་བསྐོར་དང་ཞང་ཞུང་རིག་གནས་ཚོགས་ ཆེན་ཐེངས་དང་པོའི་ཚོགས་ཆེན་འདི་མ་འོངས་པར་ཧི་མ་ཅལ་གྱི་གཞུང་འབྲེལ་འོག་ཚོགས་ ཐུབ་ན་དགེ་མཚན་ཆེ་སྐོར་སོགས་བཀའ་སློབ་སྙིང་བསྡུས་བསྩལ། དེ་རྗེས་ཧི་མ་ཅལ་གྱི་མངའ་སྡེའི་བློན་ཆེན་Himachal state chief minister professor Prem kumar Dhuma་ལགས་ཀྱིས་བོན་པོའི་ལོ་རྒྱུས་ནི་ལོ་ངོ་ཆིག་ཁྲིའི་ཡར་སྔོན་ན་ཡོད་པ་དང་། ཁོ་ཚོའི་སྐད་རིགས་དེ་ཞང་ཞུང་གི་སྐད་རིགས་ཡིན་པ་ངོས་འཛིན་བྱས་ཡོད་པ་དང་། འདི་ད་ལྟའི་ཆར་ཁུ་ནུ་དང་། གར་ཞྭ། ཧི་མ་ལ་ཡའི་རི་རྒྱུད་སོགས་ལ་གནས་ཡོད་པ་འདི་ཕྱོགས་སུ་ཞིབ་འཇུག་བྱ་དགོས་པ་ནི་ གལ་ཆེན་ཡིན་བསྐོར་སོགས་གསུང་བཤད་ཟབ་རྒྱས་གནང་རྗེས། མཁས་དབང་གར་ཞྭ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ལེགས་འབུལ་ཞུས་ཏེ་སྔོན་འགྲོའི་མཛད་སྒོ་མཇུག་གྲོལ།


བགྲོ་གླེང་སྐབས་ཚོགས་རའི་ཟུར་གྱི་རྣམ་པ།

   དེ་རྗེས་ཕྱི་དྲོ་ཕྱག་ཚོད་གསུམ་པའི་ཐོག་དངོས་གཞིའི་བགྲོ་གླེང་དབུ་འཛུགས་གནང་ནས་ཉིན་འགྱང་གསུམ་གྱི་རིང་ཚོགས་ཞུགས་བ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཁས་དབང་རྣམས་དང་མཐོ་རིམ་སློབ་མ་ཁག་ཚོགས་བཅར་བ། (༧༠) ལྷག་ཅིག་མཉམ་ཞུགས་གནང་ཏེ། ཞང་ཞུང་གི་སྐད་རིགས་དང་རིག་གཞུང་སོགས་ཀྱི་སྐོར་བགྲོ་གླེང་ཟབ་རྒྱས་གནང་ཏེ་ གོང་ཚེས་(༨)་ཉིན་གྱི་ཕྱི་དྲོར་ཕྱག་ཚོད་(༤)པའི་མཇུག་བསྡོམ་མཛད་སྒོའི་ཐོག་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གདན་འདྲེན་ཞུས་རྗེས། བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེ་མཆོག་གིས་ཞང་ཞུང་རིག་གནས་དགེ་མཚན་ཆེ་སྐོར་སོགས་གསུང་བཤད་གནང་། དེ་རྗེས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་དྲུང་ཆེད་མཆོག་གིས་གསུང་བཤད་གནང་།


མཇུག་བསྡོམས་སྐབས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་དང་ལྷན་དུ་འདྲ་པར།

༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གདན་འདྲེན་ཞུས་རྗེས། བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེ་མཆོག་གིས་ཞང་ཞུང་རིག་གནས་དགེ་མཚན་ཆེ་སྐོར་སོགས་གསུང་བཤད་གནང་། དེ་རྗེས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་དྲུང་ཆེད་གཆོག་གིས་གསུང་བཤད་གནང་། དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བཀའ་སློབ་ཟབ་རྒྱས་གནང་རྗེས་ཚོགས་འདུའི་སྤྱི་ཁྱབ་འགན་འཛིན་མཁས་དབང་གར་ཞྭ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱིས་གླུ་གར་བྲོ་གསུམ་ཀྱི་འཁྲབ་སྟོན་སོགས་བྱས་པ་དང་།


༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་དང་ལྷན་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་སྐབས།

བླ་གྲྭ་མི་མང་ཡོངས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་རྗེས་དགའ་སྤྲོའི་རྣམ་པར་ཁེངས་ཏེ་རྒྱལ་ཁའི་ངང་ནས་མཇུག་གྲོལ་བ་བཅས་ཀྱི་གནས་བསྡུས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག