ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ།
སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 12-10-16] [ཀློག་གྲངས། ]

ཕྱི་ལོ་ ༢༠༡༢ལོའི་ཟླ་༡༠ཚེས་༡༦བོད་ཆུ་འབྲུག་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་ཡོད་པའི་གནས་བསྡུས།

དེ་ཡང་ཐོག་མར་ཕྱི་ལོ་༡༩༩༧ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་ཐུགས་བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་གནང་ཡོད་པ་རེད། སྤྱིར་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པ་སྔ་རབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་ དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་(༡༡༩༨།༡༢༦༣)མཆོག་གིས་མཛད་པའི་༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ཀྱི་གཞུང་དོན་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་གཙོས། བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་གླིང་སྟོད་དང་། གླིང་སྨད་གཉིས་སུ་ཕྱེས་ཏེ། དཔྱད་གསུམ་རྣམ་པར་དག་པའི་འཆད་རྩོད་དམིགས་བསལ་གནང་སྲོལ་ཡོད་པ་ལྟར།

   གོང་ཟླའི་ཚེས་༡༦ཉིན་ནས་དམིགས་བསལ་གྱིས་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་གཟིམ་གྱིས་ངག་སྐྱོར་དང་བློ་སྦྱོང་ཤུགས་ཆེན་གནང་དགོས་པ་དང་། གཞན་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་ གཙོས་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་རྩོད་པའི་དཔང་པོར་བཞུགས་ཏེ། བདུན་ཕྲག་སོ་སོར་གླིང་སྟོད་སྨད་གཉིས་སུ་བྱས་ཏེ་སློབ་གཉེར་བ་རྣམས་ཀྱིས། མ་རྟོགས་མུན་པ་སེལ་བའི་སྒྲོན་མེ། ལོག་རྟོག་བྲག་རི་གཞོམ་པའི་ཐོག་མདའ། ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི། བསྟན་པ་བྱི་དོར་བྱེད་པའི་ཐབས་ཀྱི་སྙིང་པོ། རྩོད་པ་བོན་གྱི་འཁོར་ལོ་ཡོངས་སུ་སྐོར་མཛད་དེ།བདུན་ཕྲག་རེ་ལ་རྩོད་ཐུག་ཆེན་མོ་རེ་གནང་དགོས་པ་དང་། དེ་ཡང་མཐའ་མའི་བདུན་ཕྲག་གི་འཁོར་དུས་གསུམ་པའི་ཐོག་ལོ་གཅིག་གི་གཡས་རུའི་འཆད་རྩོད་ཆེན་མོའི། རྩོད་ཐུག་གི་རྒྱལ་ཕམ་དང་ཁྱབ་ལོག་ཁག་འདུས་སྡེའི་ཚོགས་དབུས་སུ་སྒྲོག་སྦྱོང་ཞུ་རྒྱུ་དང་།

   འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་སྐབས་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་གདན་ཞུས་ཀྱིས་འབྲེལ་ཡོད་དཔེ་ཁྲིད་རྒན་རྣམ་པས་གཞུང་དོན་གྱི་དཀའ་གནད་ཆེ་ཁག་ཤོག་སྒྲིལ་བཟོས་ཏེ་སློབ་གཉེར་བ་སོ་སོས་བླངས་ནས་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཏེ་ཁོང་གིས་གསུངས་མཛད་པ་ལྟར། རིག་འཕྲུལ་གྱིས་བརྡར་ཤ་ལེགས་པར་བཅད་དེ་བདུན་ཕྲག་གཅིག་གི་རིང་རྩོད་རྒྱུགས་དམ་བཅའ་ཆེན་མོ་མཛད་དེ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པའི་མཐའ་མའི་རྩོད་རྒྱུགས་ཆེན་མོ་ལེན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲིག་པས།

པར་པ་ཁྲི་གཡུང་དྲུང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག