ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> མདོ་སྨད་ཟིང་ཆུ་ཞང་ངུ་གསེར་གླིང་དགོན་དུ་རྣམ་རྒྱལ་མཆོད་རྟེན་ཆེན་མོ་ལེགས་འགྲུབ་བྱུང་བ།
མདོ་སྨད་ཟིང་ཆུ་ཞང་ངུ་གསེར་གླིང་དགོན་དུ་རྣམ་རྒྱལ་མཆོད་རྟེན་ཆེན་མོ་ལེགས་འགྲུབ་བྱུང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-11-08] [ཀློག་གྲངས། ]

   དེ་ཡང་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཟླ་དགུ་བའི་ཚེས་བཅོ་ལྔ༼སྤྱི་ལོ༢༠༡༢་༡༠་༢༩༽ཉིན་ལ་མདོ་སྨད་ཟིང་ཆུའི་ཡུལ་གྱི་ཞང་ངུ་གསེར་གླིང་ཉི་མ་འབུམ་ཤར་གླིང་དུ་རྣམ་རྒྱལ་མཆོད་རྟེན་ཆེན་མོ་ལེགས་འགྲུབ་བྱུང་ནས་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་བ་རེད། རྣམ་རྒྱལ་མཆོད་རྟེན་ཆེན་མོ་འདི་ནི་དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་ལགས་ནས་འགྲོ་སོང་ཡོངས་ཀྱི་འགན་གཅིག་ཆར་ཏུ་བཞེས་ཏེ་བཞེངས་བསྐྲུན་མཛད་པ་དང་མིག་སྔར་ཟིང་ཆུ་ཁོག་གི་མཆོད་རྟེན་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

   ཐེངས་འདིའི་རབ་གནས་ཀྱི་མཛད་སྒོའི་སྟེང་དུ་སྤྲུལ་བའི་སྐུ་མཆོག་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་རིན་སྤུངས་སྒྲུབ་སློབ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་སོགས་ཆེད་ཕེབས་ཀྱིས་རབ་གནས་མཛད་ཡོད་པ་དང༌། ཞོར་དུ་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཀའ་དབང་ཟབ་མོ་དང་ཡུལ་དེའི་རྒན་གཞོན་ཤི་གསོན་རྣམས་ལ་བསྔོ་སྨོན་གྱི་རྒྱས་གདབ་སྟེ་དབང་ལུང་བསྩལ་ཡོད་པ་རེད།

   རྣམ་རྒྱལ་མཆོད་རྟེན་ཆེན་མོ་འདིའི་གཟུངས་གཞུག་ལ། སྐུ་ཡི་རྟེན་དུ་རྣམ་པར་རྒྱལ་བའི་ལི་སྐུ་དང༌། སྟོན་པའི་ལི་སྐུ། ཤེས་རབ་སྨྲ་སེང་བཅས་སྤུས་ལྡན་གྱི་ལི་སྐུ་རེ་དང་༌། དེ་བཞིན་སྟག་ལའི་སྐུ་འབུམ། རྣམ་པར་རྒྱལ་བའི་སྐུ་བྱེ་བ་གཅིག རྣམ་པར་རྒྱལ་བའི་སྐུ་ཐང་བཅུ་ཕྲག་ལྷག དེ་མིན་རྣམ་པར་རྒྱལ་བ་དང་རྒྱལ་ཡུམ་བྱམས་མའི་སཱཚྪ་སྐུ་འབུམ་ཕྲག་རེ། གསུང་གི་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་བཅུ་བདུན་དང་བཀའ་བརྟེན་ཆེན་མོ་ཚར་གཅིག གཟུངས་འདུས་ཚར་བཅུ་གཅིག མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཚར་གཉིས། རྣམ་པར་རྒྱལ་བའི་སྒྲུབ་སྐོར་ཚར་ཉེར་ལྔ། ཁམས་ཆེན་ཚར་བཅུ་གཅིག འབུམ་ཉི་མ་དགུ་ཤར་ཚར་བཅུ་གཉིས། ནོར་བུ་འོད་འབར་ཚར་ཉི་ཤུ། རྣམ་རྒྱལ་གཟུངས་ཆེན་ཚར་ཉེར་བརྒྱད། གཅོད་པ་ཚར་གཉིས། ཀླུ་འབུམ་དཀར་ནག་ཁྲ་གསུམ་ཚར་གཅིག དབལ་ཁྱུང་དམར་པོའི་སྒྲུབ་སྐོར་ཚར་གཅིག ཐར་མདོ་ཚར་གསུམ། སྙིང་བོ་རྣམ་གསུམ་དང་ཡི་དམ་ཕྱི་ནང་གསང་གསུམ་གྱི་སྙིང་སྔགས་གཟུངས་གསུམ་ཚར་དུང་ཕྱུར་མང་བོ་དང༌། གཅོད་པ་ཐར་མདོ་ཡིག་བརྒྱ་སོགས་ཀྱི་ཇོ་དར་གྲངས་མང་། གཞན་ཡང་འབྲུ་རིགས་རྒྱ་མ་ཆིག་ཁྲི་ལྷག་དང༌། གཏེར་བུམ་ཆེ་ཆུང་བཅུ་ཕྲག་ལྷག གཏེར་རྫས་སུ་རིན་པོ་ཆེའི་རིགས་དང་སྨན་སྣ་སྣ་ཚོགས། བུམ་རྫས་ཉེར་ལྔ། བཟང་དྲུག་སོགས་ཆ་ཚང་ཤིང་གྱ་ནོམ་པར་ཅི་འཛོམས་བྱས་ཏེ། མདོར་ན་མཁན་ཉི་མའི་དགོངས་བཞེད་ལྟར་གཟུངས་རྫོང་དང་གཟུངས་གཞུག་འབུལ་སྟངས་ཀྱི་ཕྱག་ལེན་བཞིན་དུ་འཛབ་ཆེན་བཅུ་གཉིས་ཀྱི་རྫས་མ་ནོར་བར་བཀོད་པ་དང་། མཆོད་རྟེན་འདིའི་མཐོ་ཚད་ལ་ཁྲུ་ཚད་དྲུག་ཅུ་རེ་དྲུག་དང་ཞེང་ཚད་ལ་ཁྲུ་ཚད་སུམ་ཅུ་སོ་གསུམ་གྱིས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཆེན་མོ་ཞིག་ཡིན།


   དེ་ལྟར་རྣམ་རྒྱལ་མཆོད་རྟེན་ཆེན་མོ་འདི་བཞེངས་པའི་དགེ་བའི་རྩ་བ་གང་ལགས་པ་དེས་འཛམ་གླིང་ཡོངས་ལ་ནད་མུག་འཁྲུག་རྩོད་ཞི་ཞིང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་དང་སྒོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་གཙོས་ས་ཆེན་གང་ན་བཞུགས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་དབྱར་གྱི་མཚོ་མོ་བཞིན་རྒྱས་ཕྱིར་མཆོད་རྟེན་ཆེན་མོ་འདི་བཞེངས་སྐྲུན་མཛད་པའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག