༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཐེངས་གཉིས་པའི་མཐུས་མིའི་འཚོགས་ཆེན་༽
མདོ་སྨད་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་དུ་འཚོགས་པ།
སྤྱི་ལོ་ 2012 ལོའི་ཟླ་ 11ཚེས་24 ནས་ཉིན་གསུམ་གྱི་ཡུན་ལ་ལོ་གསུམ་རེའི་ནང་དུ་ཐེངས་རེར་འཚོགས་རྒྱུ་གཏན་ཁེལ་ཡིན་ཞིང་། གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་གྲོས་གཞིའི་ཉིང་བཅུད་དུ་འཛིན་པའི་༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཐེངས་གཉིས་པའི་འཐུས་མིའི་ཚོགས་ཆེན་༽ དེ་རྟོགས་ལྡན་སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་ཀྱི་ཐུགས་བསྐྱེད་དང་ལྷག་བསམ་གྱི་དབུ་ཁྲིད་འོག རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་དུ་འཚོགས།
དེ་ལ་ཉིན་དང་པོའི་སྔ་དྲོ་ཆུ་ཚོད་9:00ནས་བོད་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་སོ་སོ་ནས་ཕེབས་པའི་དགོན་སྡེ་ཆེ་ཆུང་བརྒྱ་དང་དྲུག་ཅུའི་འཐུས་མི་སུམ་བརྒྱ་ལྷག་ས་གནས་དད་ལྡན་མང་ཚོགས་ཀྱིས་རླངས་འཁོར་ལྔ་བརྒྱ་ལྷག་འཕྲེང་བསྒྲིག་གིས་སྣེ་དྲངས་ཏེ་བསུ་བ་མཛད།
འཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་དུ་ཐོན་པ་ན་རང་དགོན་དགེ་འདུན་འདུས་པ་རྒྱ་མཚོས་སེར་ཕྲེང་གིས་བསུས་ཤིང་མཐར་འཐུས་མི་ཡོངས་དང་གྲྭ་ཚང་ལྷན་རྒྱས་བཅས་བསྟན་རྒྱས་སྨོན་ལམ་གསུང་སྟེ་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་ཚང་དང་ཚོགས་གཞོན་རྟོགས་ལྡན་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རྣམ་གཉིས་ཀྱིས་སྲིད་པའི་བརྡ་དར་ཆེན་མོ་ཨ་སྔོན་དབྱིངས་སུ་ཕྱར།
དེ་རྗེས་ཉིན་དེའི་སྔ་དྲོར་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་ཐེངས་འདིའི་གྲོས་གཞི་རྣམས་གཏན་ཁེལ་བྱས།
ཕྱི་དྲོ་ཆུ་ཚོད་གཉིས་ནས་ཐེངས་འདིའི་ཚོགས་འདུའི་གཙོ་སྒྲུབ་པ་ཚུལ་ཆེན་རིན་པོ་ཆེ་ནས་ཚོགས་ཆེན་དངོས་སུ་མགོ་བརྩམས་པའི་གསུང་བཤད་གནང་།
དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་འགོ་འཛིན་བྱས་པ་བརྒྱུད་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་ཚང་གིས་དེ་སྔའི་གྲོས་ཆོད་དག་ལ་ཕྱོགས་སྡོམ་དང་ད་ལམ་གྱི་གྲོས་གཞི་སྐོར་གསལ་བྱེད་དང་འབྲེལ་བའི་གསུང་བཤད་མཛད།
དེ་ནས་རིམ་བཞིན་མཚན་འཛིན་ཚོགས་གཙོ་མཁས་དབང་སྐྱང་ཚང་དྲི་མེད་འོད་ཟེར་མཆོག་དང་སྐྱབས་རྗེ་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་སོགས་རྒྱུན་ལས་མི་སྣ་སྐོར་ཞིག་གིས་གནད་དུ་སྨིན་པའི་གསུང་བཤད་གལ་ཆེན་གནང་།
ཚེས་ཉེར་ལྔའི་ཉིན་སྔ་ཕྱི་དྲོ་གཉིས་ཀར་ཐེངས་འདིར་ཚོགས་ཞུགས་མི་སྣ་མང་དྲག་པས་སོ་སོའི་བསམ་ཚུལ་དང་སྐད་ཆ་བསྡུ་ལེན་གྱི་ཆེད་དུ་ཚན་པ་བཞི་རུ་བགོས་ནས་ཚན་ཆུང་ཚོགས་འདུ་འཚོགས། ཆུ་ཚོད་11:30ནས་འཐུས་མི་ཡོངས་འཚོགས་ཆེན་འདུ་ཁང་དུ་མཆོད་མཇལ་ལ་ཕེབས། ཆུ་ཚོད་12:00སྟེང་ཉིན་དེའི་གུང་ཟས་གསོལ་བར་འཐུས་མི་ཚང་མ་སྣང་ཞིག་དགོན་ཆེན་གྱིས་གདན་དྲངས་ཤིང་དེ་དང་འབྲེལ་ནས་སྣང་ཞིག་དགོན་གྱིས་གསར་དུ་བཞེངས་བའི་རྗེ་རིན་པོ་ཆེའི་གོས་སྐུ་ལ་མངའ་དབུལ་རབ་གནས་མཛད། ཕྱི་དྲོ་ཚོགས་ཆུང་ཚན་ཁག་བགོས་ནས་མཐུས་མི་སོ་སོ་ནས་བསྟན་དོན་གྱི་གཏམ་གླེང་མང་དུ་མཛད།
ཚེས་ཉེར་དྲུག་ཉིན་རྒྱུན་ལས་རྣམས་ཀྱིས་ཚན་ཆུང་འཚོགས་འདུའི་ནང་དོན་ཕྱོགས་བསྡུ་དང་སྙིགས་དོར་བཅུད་ལེན་གྱི་ཚོགས་འདུ་གཞུང་ཁང་ཕུན་ཚོགས་དགེ་ལེགས་འདོད་འབྱུང་གཡང་གི་ར་བའི་ཉིས་ཐོག་ཏུ་འཚོགས།
འཐུས་མིའི་ཚོགས་ཆེན་ཡང་འཚོགས་ཁང་དུ་འཚོགས་ནས་གསང་སྔགས་རིག་པ་འཛིན་པའི་ཚབ་དང་། ཇོ་བཙུན་གྱི་ཚབ། རྒྱ་ནང་གི་དད་ལྡན་བོན་སྦྱིན་ཡོངས་ཀྱི་ཚབ། གཞན་དགོན་སྡེ་སྐོར་ཞིག་གི་ཚབ་བཅས་ཀྱིས་སོ་སོའི་བསམ་ཚུལ་བརྗོད་པའི་གཏམ་གླེང་མཛད། སྐབས་དེར་གཤེན་སྲས་ནོར་བུ་དབང་རྒྱལ་དང་རྒྱལ་བ་སྨན་རིའི་བླ་སྤྱི། ཡོངས་འཛིན་བསྟན་འཛིན་རྣམ་དག དཔོན་སློབ་འཕྲིན་ལས་ཉི་མ། གདོང་ལི་ལུང་རྟོགས་བསྟན་པ་རབ་རྒྱས་སོགས་རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་སྐྱེས་ཆེན་སྐོར་ཞིག་གི་ལྷག་བསམ་མཚོན་པའི་ཤིས་བརྗོད་རྣམས་ཁྱབ་བསྒྲགས་བྱས།
ཉག་སྤྲུལ་བསོད་ནམས་རྒྱ་མཚོ་ནས་བཀོད་སྒྲིག་ཚན་ཆུང་གི་ཚབ་བྱས་ཏེ་གོ་སྒྲིག་གི་རིམ་པ་གསལ་བཤད་དང་མ་འདང་སར་དགོངས་དག་ཞུ་བ་བཅས་ཀྱི་གཏམ་གླེང་མཛད། ཆུ་ཚོད་11:30 ཐོག་ཚོགས་ཞུགས་མི་སྣ་ཡོངས་དང་རང་དགོན་ཀྱི་གྲྭ་ཚང་བཅས་ལྷན་དུ་དྲན་རྟེན་གྱི་བརྙན་པར་བླངས་ཤིང་དེ་རྗེས་ས་གནས་དད་ལྡན་མང་ཚོགས་ལ་བླ་སྤྲུལ་རྣམ་པས་མཇལ་ཁ་གནང་། ཕྱི་དྲོ་ཆུ་ཚོད་3:00ནས་མཐའ་མཇུག་གི་ཚོགས་འདུ་འཚོགས་ཤིང་ཐེངས་འདིའི་གྲོས་ཆོད་སྣ་ཁ་མི་འདྲ་བ་ལྔ་དང་སང་ལོ་རྒྱུན་ལས་ལས་འཛིན་ཚོགས་འདུ་དང་འབྲེལ་ནས་ཉིན་བདུན་གྱི་རིང་ལ་དགའ་མལ་དགོན་ཆེན་དུ་ཚད་མའི་འཆད་རྩོད་ཆེན་མོ་འཚོགས་རྒྱུ་དང་། ༢༠༡༤ ལོར་མཛོད་དགེ་ཨ་སྐྱིད་སྐྱང་ཚང་དགོན་དུ་རྒྱུན་ལས་ཚོགས་འདུ་འཚོགས་རྒྱུ། ༢༠༡༥ལོ་བར་དུ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽རྩོམ་སྒྲིག་ཁང་གིས་སྨར་ཆེན་གྱི་ཡིག་གཟུགས་རྩིས་འཁོར་དུ་བཅུག་རྒྱུའི་གྲོས་ཆོད་གནང་། ༢༠༡༥ ལོར་མདོ་ཁམས་ཤར་རྫའི་རི་ཁྲོད་དུ་ཐེངས་གསུམ་པའི་འཐུས་མིའི་ཚོགས་ཆེན་འཚོགས་རྒྱུ་བཅས་ཁྱབ་བསྒྲགས་བྱས།
མཚམས་དེར་གླུ་བ་གྲགས་བྷེ་ནས་དོན་བརྗོད་གླུ་དབྱངས་སྙན་འགྱུར་གྱི་དབྱངས་ལ་དྲངས་ཤིང་། ཚུལ་ཆེན་རིན་པོ་ཆེས་མཇུག་མཐའི་ཤིས་སྨོན་གྱི་གཏམ་གླེང་སྤེལ་བ་བཅས་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཐེངས་གཉིས་པའི་འཐུས་མིའི་ཚོགས་ཆེན་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་མཇུག་རྫོགས་པའོ། །