ཀུན་མཁྱེན་གྲུབ་དབང་༧བོན་བརྒྱ་རིན་པོ་ཆེ་མཆོག་གིས་མདོ་སྨད་ཁྲི་ཀའི་གནས་སུ་བཀའ་དབང་བསྩལ་བ།
རབ་གནས་ཆུ་འབྲུག་ལོའི་ཧོར་ཟླ་བཅུ་བའི་ཚེས་དགུ་ནས་ཚེས་བཅུ་བཞིའི་བར། མདོ་སྨད་ཁྲི་ཀ་སེར་བརྒྱ་གསང་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་བོན་གླིང་གི་བླ་སྔགས་རིག་འཛིན་བརྒྱ་ཕྲག་ལྷག་གིས་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་གཞུང་བསྲིངས་ཏེ། བསྙེན་སྒྲུབ་ལས་སྦྱོར་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་བའི་སྐབས། མཁས་གྲུབ་གཉིས་ལྡན་གྱི་འདྲེན་པ་ཆེན་པོ་དབང་བཞི་བཅུད་ལྡན་གྱི་བླ་མ་རིན་པོ་ཆེ་སྐུ་དངོས་སུ་ཕྱོགས་འདིར་ཕེབས་ཏེ་དགོན་སྡེ་འདི་ཡི་ཚོགས་མགོན་དུ་བྱོན་པ་མ་ཟད། དད་ལྡན་སྐྱ་སེར་ཐུན་མོང་གིས་གསོལ་བ་བཏབས་པ་ཇི་བཞིན་གང་ལ་གང་འདུལ་གྱི་ཐུགས་རྗེ་གྲུ་ཆར་འཇོ་བར་མཛད།
ཚེས་བཅུ་དྲུག་ནས་བཅུ་དགུ་བའི་བར་ཉིན་བཞིའི་རིང་། དད་ལྡན་སློབ་བུ་ཡོངས་ལ་སྨིན་བྱེད་དབང་བཀའ་རབ་འབྱམས་སྤྱི་བོར་བསྐུར་ཏེ། ཀུན་བཟང་ཨ་གསལ་གྱི་དབང་ཁྲིད་ཐུགས་རྗེ་སྤྲིན་དཔུང་དང་། ཡི་དམ་སྤྱི་འདུལ་ཡང་གསང་གི་དབང་ཆོག་བྱིན་རླབས་དབང་གི་འདོད་འཇོ་གཉིས་སྔ་ཕྱིར་བསྩལ། འཕྲོས་དོན་རྒྱབ་རྟེན་གྱི་ལུང་ཁྲིད་དང་། རྩ་གསུམ་སྲུང་མའི་རྗེས་གནང་སོགས་བསྟན་ཕན་འགྲོ་འདུལ་གྱི་བསླབ་བྱ་གནད་སྨིན་དུ་གསུངས། དེ་ལ་བརྟེན་ནས་འཁོར་སློབ་རྒྱ་མཚོའི་དབུས་ན་བྱིན་རླབས་མྱུར་འཇུག་གི་སློབ་མ་ཕལ་ཆེར། དད་པས་ལུས་ཀྱི་སྤུ་ལོང་རབ་ཏུ་རྒྱས་ཤིང་། དབང་མེད་མིག་ཆུ་དང་ཐལ་མོ་བྲང་སྦྱོར། བྱིན་འབེབས་གར་གྱི་སྟངས་སྟབས་བསྒྱུར་བའི་རྣམ་པ་བསམ་མཐའ་ཡས། སྐལ་ལྡན་གྱི་སློབ་མ་ལའང་། ཉེ་བར་ཁྲི་ཀའི་ཕྱོགས་ཀྱིས་མཚོན། མང་རྫོང་། འབའ་རྫོང་། གསེར་ཆེན་རྫོང་། གཅན་ཚ་རྫོང་། བ་ཡན་རྫོང་། རེབ་གོང་རྫོང་། རྩེ་ཁོག་རྫོང་། མདོ་ལ་རྫོང་བཅས་ནས་སློབ་བུ་སྟོང་ཕྲག་ལྷག་འདུས་ཡོད།
༄༅། ། བཀའ་དྲིན་མཚུངས་མེད་ཀྱི་བླ་མ་རིན་པོ་ཆེ་སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གིས་སེར་བརྒྱ་གསང་སྔགས་བདུད་འདུད་མེ་རི་འཁྱིལ་བའི་བོན་གླིང་དུ་བཀའ་དབང་བསྐུར་སྐབས་ཕུལ་པའི་མཎ་བཤད་ཟད་མེད་ནོར་བུའི་གཏེར་ཆེན་ཞེས་བྱ་བ་བཞུགས་སོ།།
འོ་ལགས་སོ། །
རབ་འབྱམས་ཀུན་བཟང་རྒྱ་མཚོའི་ཚོགས་ཀྱི་བརྩེ་ཆེན་ཡེ་ཤེས་ཕུང་བོའི་གཏེར། །
རིགས་གསུམ་གདུལ་བྱའི་བློ་ཡི་མུན་སེལ་སྨྲ་བའི་ཉི་མ་ཡོངས་ཤར་བ། །
སྙན་འཇེབ་རྒྱུད་མངས་དབྱངས་སུ་འདྲེན་ལ་བཀའ་ལུང་རྣམ་བཞི་ཆུ་བོའི་རྒྱུན། །
ཕངས་མེད་འདོད་རྒུ་ཡོངས་སུ་སྩོལ་ལ་མཚུངས་མེད་བླ་མ་རྒྱལ་གྱུར་ཅིག །
ཅེས་ལེགས་བྱས་མཛད་པའི་ཉི་འོད་ཀུན་ལ་ཁྱབ་ཅིང༌། སྙན་ཚིག་མེ་ཏོག་ཕྲེང་བས་མདུན་བསུས་ཏེ་གང་ཞུ་ན། དེ་ཡང་མཛད་མདོ་རྒྱས་པ་ལས། སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་གྱིས། །མ་འོངས་འགྲོ་བ་འདུལ་བར་ལུང་གནང་ནས། །སྔོན་གྱི་སྨོན་ལམ་བཟང་པོ་དེ་ཡིས་སྟོབས། །ད་ལྟ་འགྲོ་བ་འདུལ་བར་འགྱུར་བ་ཡིན། །ཞེས་གསུངས་པ་ལྟར། བདག་ཅག་རྣམས་ཀྱི་མེ་ཏོག་གི་གོ་སྐལ་ཏུ་ཕོག་པའི་ཡིད་བཞིན་གྱི་ནོར་བུ་གཅིག་པུ། དུས་གསུམ་སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་འདུས་པའི་གཏེར་ཆེན། རྗེ་གྲུབ་ཐོབ་ཆེ་དབང་རིག་འཛིན་དང་ཞལ་མི་གཉིས་པའི་གཡུང་དྲུང་སེམས་དཔའ་ཆེན་པོ། བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་ཐུགས་བསྐྱེད་བླ་ན་མེད་པ་གོ་ཆ་བརྟན་པོ་ལས། ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད། ཐར་བ་བདེ་ཆེན་གྱི་ས་ལ་འགོད་པའི་ཕྱིར་ན། སེམས་བསྐྱེད་ཀྱི་མདོ་ལས། སངས་རྒྱས་ལམ་བགྲོད་འགྲོ་དོན་མཛད་པ་ཡང༌། །སེམས་བསྐྱེད་ཆེ་ཆུང་རྒྱུ་ཡི་ཁྱད་པར་རོ། །ཞེས་གསུངས་པ་ལྟར་ལགས་ན། སྐྱབས་རྗེ་གང་གི་མཁྱེན་པའི་ཡེ་ཤེས་ནམ་མཁའི་དཀྱེལ་ལྟར་ཡངས་པ། བརྩེ་བའི་ཐུགས་རྗེ་རྒྱ་མཚོའི་འཇིང་ལྟར་ཟབ་པ། ནུས་པའི་མཐུ་སྟོབས་ཉི་འོད་མདངས་ལྟར་གསལ་བ་ལགས་ཕྱིར། ལུང་ལས། བླ་མེད་སྟོན་པ་གནས་འཁོར་དུས་དང་བཀའ། །ཕུན་སུམ་ཚོགས་པ་ལྔ་ཡིས་བོན་ཤོད་ཅིག །ཅེས་གསུངས་པ་ལྟར་སྙན་དབང་གསོ་བའི་རྒྱན་དུ་རོལ་བ་ཅུང་ཙམ་ཞུ་ན།
དང་པོ་གནས་ཕུན་སུམ་ཚོགས་པ་ནི། ཡུལ་མདོ་ཁམས་གཡར་མོ་ཐང་གི་ས་ཡི་ལྟེ་བར་གྱུར་བ། ཡང་དར་འདུལ་བསྟན་མེ་རོ་བསླངས་སའི་གནས་གཞི་ཁྱད་པར་ཅན། རྨ་རི་དེའུ་གསུམ་བྲག་དཀར་རི་ཡི་མདུན་ཞོལ། རྨ་ཀླུང་སྔོན་མོ་གཡས་འཁྱིལ་དུ་ལྷང་ལྷང་དལ་གྱིས་འབབ་པའི་འགྲམ་ངོགས། ཁྲི་ཀ་གཡང་ལུང་རབ་གསུམ་དུ་གྲགས་པའི་དབུ་མ་སྟེ། སྔོན་བྱོན་རིག་འཛིན་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པའི་ཞབས་ཀྱི་པདྨོ་ཉེ་བར་བཀོད་པའི་བསྟི་གནས་ཡིན་པ་ནི། སྦ་སེར་པཎྟི་ཏའི་གསུང་ལས་ཀྱང༌། གེ་སར་ཁྲོམ་གྱི་རྒྱལ་ཁམས་འདི་དག་ཀྱང༌། །མ་དག་མཐའ་འཁོབ་ཞིང་ཁམས་མ་ཡིན་ཏེ། །སྔོན་ནས་ད་ལྟའི་བར་དུ་རིག་འཛིན་དང༌། །ལོ་པཎ་མང་པོ་འཁྲུངས་ནས་ཞབས་ཀྱིས་བཅགས། །བོན་བསྟན་ཡུན་རིང་དར་བའི་ཞིང་ཁམས་ཡིན། །ཞེས་གསུངས་པ་ནང་བཞིན། རང་དགོན་དཔལ་གཤེན་བསྟན་གསང་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་གླིང་གི་འཚོགས་ཆེན་འདུ་ཁང་ཆེན་མོ་འདི་རུ།
སྟོན་པ་ཕུན་སུམ་ཚོགས་པ་ནི། རིགས་བརྒྱའི་ཁྱབ་བདག་འོད་དཀར་གནས་འཛིན་དང་དབྱེར་མ་མཆིས་པའི་གཡུང་དྲུང་སློབ་དཔོན་ཆེན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཕུང་བོ་གཅིག་ཏུ་འདུས་པའི་གཏེར་ཆེན། ས་དང་ལམ་གྱི་ཡོན་ཏན་མ་ལུས་ལྷུན་རྫོགས་སུ་མངའ་བའི་གཡུང་དྲུང་སེམས་དཔའ་ཆེན་མོ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན། ཐམས་ཅད་མཁྱེན་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས། དབང་བཞིའི་ཆུ་ཀླུང་མ་ལུས་གཅིག་ཏུ་བསྐྱིལ་ཏེ། མན་ངག་ལུང་གི་བདུད་རྩིའི་ཆར་ཆེན་ཕྱོགས་ཀུན་བབས། ཐུགས་རྗེའི་གྲིབ་བསིལ་ཡོལ་བས་རབ་ཏུ་བསྐྱངས་པ་ནི། རྣམ་འབྱེད་ཉི་འོད་ལས། ཐམས་ཅད་མཁྱེན་པའི་སྟོན་པ་ཡིན། །ཡེ་ཤེས་ཕུང་བོ་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་ཡིན་ནོ།།
དུས་ཕུན་སུམ་ཚོགས་པ་ནི། གསེར་གྱི་ས་གཞི་ལ་བག་དང་རྡུལ་མ་བསླང༌། གནམ་གྱི་ཉི་ཟླ་ལ་གཟའ་དང་སྤྲིན་མ་སྒྲིབ། བར་གྱི་འཇའ་ཚོན་ལ་འོད་དང་མདངས་མ་ཡལ་པ་ལ། མ་ཧཱ་ཙི་ནའི་སྐད་དུ་ཞིང་ཤིན་ཞེས་པ། དབང་ཐང་དང་བསྟུན་པའི་ཆུ་ཕོ་འབྲུག་གི་ལོར་འབོད་པའི་དགེ་མཚན་ལ། དཔལ་སྐྱང་སྤྲུལ་རིན་པོ་ཆེའི་མཛད་པའི་ཀླུང་རྟའི་འདོད་གསོལ་ལས། རྒྱལ་བའི་དཔུང་གི་ང་རོ་གྲགས་སྟོང་ལྡིར། །སྒྲ་ཡི་རྒྱལ་བོ་གཡུ་འབྲུག་ཐོག་དབལ་ཅན། །བདག་གི་དབང་ཐང་དབྱར་མཚོ་ལྟར་རྒྱས་ནས། །བསོད་ནམས་སྲིད་ལ་གནོད་པ་མེད་པར་མཛོད། །ཅེས་གསུངས་པ་ལྟར། བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་དྲུག་པ། དགུན་ཟླ་ར་བའི་དབུགས་ཐོབ་ཉེར་ལེན་ལས། དམར་ཕྱོགས་དགའ་བ་དང་པོ་ནས་དབུ་བཟུང་སྟེ་དུས་ཀྱི་འཕེལ་འགྱུར་ཆེ་ཞིང་ཐེག་ཆེན་བོན་འཁོར་བསྐོར་བའི་དུས་བཟང་འདི་ལ།
འཁོར་ཕུན་སུམ་ཚོགས་པ་ནི། ས་ལམ་འཕྲུལ་སྒྲོན་ལས། མ་སྐྱེས་སྐྱེ་བ་ཕལ་ཆེར་ནི། །ལྷ་དང་མི་ཡི་རྟེན་ཡིན་ཏེ། །མི་ལུས་དལ་འབྱོར་ལྡན་པ་དང༌། །ལྷ་ལུས་གཡེང་བ་མེད་པའོ། །ཞེས་གསུངས་པ་ནང་བཞིན། བསྟན་འགྲོའི་འཕྲིན་ལས་ལ་སྨན་ཞིང་མཁས་བཙུན་བཟང་ལྡན་གྱི་བླ་སྤྲུལ་ཇི་སྙེད། ལྔ་རིག་ཤེས་བྱའི་ཕ་མཐར་སོན་པའི་རབ་འབྱམས་དགེ་བའི་བཤེས་གཉེན། དཔྱད་འཇོག་སྒོམ་པའི་ཉམས་རྟོགས་མངོན་གྱུར་གྱི་སྐྱེས་བུ་རྟོགས་ལྡན་དམ་པ། བསླབ་གསུམ་ནོར་བུའི་གཏེར་འཆང་ཁྲིམས་ལྡན་སྤྱོད་བཟང་གི་དྲང་སྲོང་བཙུན་པ། གུས་འཇུག་མོས་ལྡན་གྱི་བག་ཡོད་དད་ལྡན་ཕོ་མོ་རྣམས་ཏེ། དྲི་མེད་གཟི་བརྗིད་ལས། གནམ་ལ་ཉི་ཟླ་ཕྲུག་གཅིག་གསལ་བ་དང༌། །ས་ལ་རྒྱལ་གཤེན་ཡོན་མཆོད་གཉིས་འཛོམས་དགོས། །ཞེས་གསུངས་པ་ལྟར། མདོར་ན་གཞི་བདེར་གཤེགས་སྙིང་བོས་ཁྱབ་པའི་འགྲོ་བ་སེམས་ཅན་ཇི་སྙེད་དང༌། ཕྱི་འཁོར་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་སོགས་ལས་ཅན་འབུམ་ཕྲག་བསམ་མཐའ་ཡས་པས་བསྐོར་ཏེ།
བཀའ་ཕུན་སུམ་ཚོགས་པ་ནི། རྩ་རྒྱུད་གསང་བ་བསེན་ཐུབ་ལས། བསྒྲུབ་བྱ་ཀུན་བཟང་ཡིན་པ་ལ། །སངས་རྒྱས་ངོ་བོ་གཞན་ན་མེད། །དམ་ཚིག་རང་བཞིན་ཀུན་བཟང་ཡིན། །ཞེས་གསུངས་པ་ལྟར། གསང་བ་སྔགས་ཀྱི་འཇུག་སྒོ་དབང་གི་སྨིན་བྱེད་ལ་བརྟེན་ནས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྲུལ་གཞི། ཀུན་བཟང་རྒྱལ་བ་འདུས་པའི་དབང་ཆོག་ཐུགས་རྗེའི་སྤྲིན་དཔུང༌། ཁྲོ་རྒྱལ་ཡི་དམ་སྤྱི་འདུལ་གྱི་བཀའ་དབང་ཟབ་མོ་བྱིན་རླབས་དབང་གི་འདོད་འཇོ་སོགས་དབང་ལུང་ཁྲིད་གསུམ་གྱི་བདུད་རྩིའི་གྲུ་ཆར་བར་མེད་དུ་འཇོ་བས་བཀའ་དྲིན་བསམ་གྱིས་མི་ཁྱབ་ཡོན་ཏན་ལའང༌། བསེན་ཐུབ་ལས། འཆད་དང་ཉན་དང་བསྒོམ་པ་རྣམས། །དབང་ཐོབ་ནས་ནི་བྱ་བར་རུང༌། །ཞེས་དང༌། འཛམ་གླིང་ས་བཅུ་ཟིལ་གྱིས་གནོན། །མི་དགེ་བཅུ་བོ་སྟོབས་ཀྱིས་གནོན། །ཞེས་གསུངས་པའི་དོན་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཡི་རངས་ཏེ། ལུས་གུས་པས་ཐལ་མོ་སྦྱར། ངག་སྙན་པས་བརྟན་བཞུགས་གསོལ། ཡིད་དད་པས་གསོལ་བ་བཏབས་ཏེ། རང་དགོན་སེར་བརྒྱ་གསང་སྔགས་ཐེག་ཆེན་གླིང་གི་རིག་འཛིན་འདུས་པ་རྒྱ་མཚོ་བྱིངས་ནས་དད་འདུན་དྲག་པོས་ལྷུ་རུ་བླངས་ཏེ། མགོན་པོ་གང་གི་སྐུ་ཚད་མིན་ཡང༌། རེ་ལྟོས་ཅན་གྱི་འབྱོར་ཚད་དང་བསྟུན་ན། མེ་ཏོག་ཆུང་ཡང་མཆོད་རྫས་དང༌། གུར་གུམ་ཉུང་ཡང་སྨན་རྫས་ཀྱི་དཔེ་ལྟར་གྱུར་བས། སྤྱན་གཟིགས་གསེར་དང་བོང་བ་མཉམ་པའི་སྣང་ངོར་གཟིགས་རྟེན་ཙམ་དུ་བསྟར་བ་ལ།
བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚན་པའི་ལྷ་དར་དྲི་མ་མེད་པས་ཐོག་དྲངས། སྐུ་ཡི་རྟེན་ལ༴༴༴ བཅས་ཕུལ་བ་ལགས་ན། མཁའ་ན་ཉི་ཟླ་སྐར་གསུམ་གྱི་མདངས་མཛེས། གོང་ན་ལྷ་གར་རྟེན་གསུམ་གྱི་དཔལ་འཛོམས། བར་ན་མི་སྨྲ་གཤེན་གསུམ་གྱི་དཔུང་མཐོ། ས་ན་དད་ལྡན་མང་ཚོགས་ཀྱི་གྲངས་མང༌། ཀུན་ལ་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་ལེགས་པར་ཕྱེས་པ་ནི། དྲང་དོན་མུན་སེལ་སྒྲོན་མ་ལས། འཇིག་རྟེན་ལོངས་སྤྱོད་ཚོགས་སུ་གཏོང་བ་ཡང༌། །དད་པ་དག་ལ་བརྟེན་ནས་འབྱུང་བར་ངེས། །ཞེས་དང༌། མདོ་ཕྲན་ལས། མཆོད་པ་བླ་ན་ཡོད་པའི་འབྱོར་ཚད་དང༌། །མཆོད་པ་བླ་ན་མེད་པའི་དགོངས་ཚད་རྣམས། །བསོད་ནམས་འབྲས་བུ་མྱུར་དུ་འཐོབ་བྱའི་ཕྱིར། །དུས་གསུམ་བདེར་གཤེགས་རྣམས་ལ་མཆོད་པར་བགྱི། །ཞེས་གསུངས་པ་ལྟར། རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་བསྡུས་པའི་འབྲེལ་བ་འདི་དག་གི་མཐུ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡངས་པའི་འཇིག་རྟེན་གྱི་ཁམས་ལ་དར་ཞིང་རྒྱས་པ་དང༌། དེ་འཛིན་གྱི་སྐྱེས་བུ་མུ་མཐའ་མེད་པ་ན་བཞུགས་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་ཤིང་ཐུགས་ཀྱི་བཞེད་དོན་གེགས་མེད་དུ་འགྲུབ་པ་དང༌། ལྷག་པར་ཏུ་བདག་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པའི་བཀའ་དྲིན་བཞི་རྫོགས་ཀྱི་གཡུང་དྲུང་འཆང་དབང་ཆེན་པོའི་སྐུ་ཚེ་རྒྱལ་མཚན་བསྐལ་བའི་བར་དུ་གནས་ཤིང༌། ཐུགས་ཀྱི་བཞེད་དགོངས་འབད་མེད་ལྷུན་གྲུབ་ཏུ་འཇོ་བ་དང༌། བསྟན་འགྲོའི་ཕྲིན་ལས་རྒྱུན་ཆད་མེད་པར་རྩོལ་མེད་ཤུགས་འབྱུང་གིས་ལེགས་པར་འགྲུབ་པ་ནས། མདོ་སྔགས་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུ་གནས་སྐབས་ཀུན་ཏུ་མཐའ་དབུས་ཡངས་པོར་དར་ཞིང་ཁྱབ་པ་དང༌། རང་དགོན་དཔལ་གཤེན་བསྟན་སེར་བརྒྱ་གསང་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་དགོན་སྡེ་འདི་ཡི་གྲལ་གདན་དུ་འཁོད་པའི་རིག་འཛིན་སེམས་དཔའ་རྒྱ་མཚོའི་ཚོགས་རྣམས། ཐུགས་མཐུན་དམ་གཙང་གི་འདུས་པ་བརྒྱ་སྟོང་ཁྲི་འབུམ་གྲངས་སུ་འཕེལ་ནས། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ། གཞན་དོན་དུ་བསྙེན་སྒྲུབ་ལས་གསུམ། བསྟན་དོན་དུ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས། གསང་བ་སྔགས་ཀྱི་དགོངས་སྤྱོད་ཟབ་མོར་ཐུགས་སུ་ཉར་ནས། མཐུ་ནུས་འབར་བའི་དྲག་སྔགས་ལ་དབང་འབྱོར་ཞིང༌། བདེ་སྟོང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པ་དང༌། དུས་དང་རྣམ་པ་ཀུན་ཏུ་དགོན་སྡེ་འདི་ཡི་ཞབས་འོག་ནས་འདེགས་པའི་གྲོང་སྡེ་འདི་དང་འདི་ཡི་ཉེ་འཁོར་ན་གནས་པའི་ཡུལ་རིས་མི་སྐྱ་ཕོ་མོ་རྣམས་དང༌། སྒོས་སུ་བདག་ཅག་རྣམས་ལ་རེ་ལྟོས་བྱེད་པའི་རྒྱུ་འབྱོར་ཡོན་བདག་ཏུ་གྱུར་བ་རྨ་ཕ་རི་ཚུར་རིའི་གཡས་གཡོན། མཚོ་གཡས་རུ་གཡོན་རིའི་ཉིན་སྲིབ། ལ་རོང་འབྲོག་ཚོ་བ་ཆེ་ཆུང་སོགས། དེང་སང་ཕྱོགས་ཁ་སོ་སོའི་དབང་དུ་ཕྱེས་ན་རྫོང་ཁག་བཅོ་བརྒྱད་ལྷག་ན་འཚོ་བའི་དད་ལྡན་ཡོན་བདག་འདི་རྣམས་ལ། མི་ཡི་ས་ནས་ལུས་ཀྱི་ན་ཚ། ཕྱུགས་ཀྱི་ས་ན་འགབ་འདྲེ་ཀོད་ཁ། ཞིང་གི་ས་ན་བཙའ་སད་སེར་བ། ངག་གི་གླེང་གཞི་ཁ་སྨྲས་རྩོད་པ། སེམས་ཀྱི་བར་ཆད་ལེགས་ཉེས་བདེ་སྡུག ཕྱི་ན་བགེགས་ཀྱི་བར་ཆོད་འབྱུང་རྐྱེན། ནང་ན་རྨི་ལམ་ཐན་ལྟས་སྣ་ཚོགས། བར་ན་རྣམ་རྟོག་དུག་ལྔའི་བར་ཆོད་སོགས་མི་མཐུན་རྒུད་པའི་ཚོགས་རྣམས་ཉེ་བར་ལྷག་མེད་དུ་ཞི་ནས། མཐུན་རྐྱེན་དགེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ནི། གབ་པ་ལས། སེམས་དང་ནམ་མཁའི་སྣོད་ཡངས་འདི། །ཐམས་ཅད་ཀུན་གྱི་སྣོད་དུ་བཟང༌། །ཞེས་གསུངས་པ་ལྟར། རྒན་ལ་ཚེ་དང་བསོད་ནམས། གཞོན་ལ་ལས་དང་ཀླུང་རྟ། བུ་ལ་ཁ་རྗེ་སྙན་གྲགས། སློབ་ལ་འཆད་རྩོད་རྩོམ་པ། སྡེ་ལ་མཐུ་སྟོབས་མངའ་ཐང༌། འབངས་ལ་བཀྲ་ཤིས་བདེ་སྐྱིད། གཏམ་ལ་ཁ་ལྕེ་བློ་རིག སྨན་ལ་བུ་ཚ་རིགས་རྒྱུད། བུ་ལ་རྣམ་དཔྱོད་རིག་པ། ཀུན་ལ་མཁོ་རྒུའི་ལོངས་སྤྱོད། ཡིད་ལ་ཅི་བསམ་འདོད་རྒུ་སོགས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་ལྷུན་གྲུབ་ཏུ་འཇོ་བ་དང༌། མདོར་ན་དགོན་སྡེ་འདི་ལ་སྔ་ཕྱི་བར་གསུམ་ཀུན་ཏུ། བོན་སྦྱིན་པའི་ཁྲིད་ལུང་གནང་མཁན་དང༌། ཚེགས་བརྩོན་པའི་ལས་དོན་སྒྲུབ་མཁན། ཡིད་དད་པས་རེ་ལྟོས་བཅོལ་མཁན། རྒྱུ་ནོམ་པའི་འབྲེལ་འཇོག་བྱེད་མཁན་རྣམས་ལ་ཚེ་འདིའི་བསམ་དོན་འདོད་རྒུ་དང༌། ཕྱི་མའི་དགེ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ནི། བྱམས་འབུམ་ལས། རང་དོན་སྤངས་པས་གཞན་དོན་འགྲུབ། །གཞན་དོན་བྱས་པས་སངས་རྒྱས་མཉེས། །ཐུགས་རྗེ་ཆེ་བས་ཀུན་འདྲེན་འགྱུར། །ཞེས་གསུངས་པ་ལྟར། ས་དང་ལམ་གྱི་ཡོན་ཏན་མ་ལུས་རིམ་གྱིས་རྫོགས་ཏེ། རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་ཏུ་འཐོབ་པའི་སྐྱབས་འཇུག་ཡང་ཡང་ཞུ་ལགས།
ཞེས་པ་འདི་ཡང་བོན་གཞུང་ལས་སྣེ་རྣམས་ཀྱིས་བསྐུལ་བའི་ངོར།
གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག ། བཀྲ་ཤིས། །