ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀན་ལྷོ་བརྙན་འཕྲིན་ཁང་གིས་བོན་གྱི་དཔེ་རྙིང་སྐོར་ནས་བཅར་འདྲི་བྱས་འདུག
ཀན་ལྷོ་བརྙན་འཕྲིན་ཁང་གིས་བོན་གྱི་དཔེ་རྙིང་སྐོར་ནས་བཅར་འདྲི་བྱས་འདུག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྒན་གྱའི་གཡུང་དྲུང་སྐྱབས།] [ཟླ་ཚེས། 13-01-08] [ཀློག་གྲངས། ]

༄༅།། ཀན་ལྷོ་བརྙན་འཕྲིན་ཁང་གིས་རྒན་འབྲུག་ཐར་ལ་མདོ་སྨད་མདའ་ཚང་ཡུལ་ནས་བོན་གྱི་དཔེ་རྙིང་གསར་རྙེད་དང་

དཔེ་བསྒྲིགས་པར་སྐྲུན་སྐོར་ནས་བཅར་འདྲི་བྱས་པ།


སྤྱི་ལོ་2012ལོའི་སྤྱི་12པའི་ཚེས་18ཉིན་ལན་ཀྲིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་ཐར་ལགས་ཀྱིས་ཀན་ལྷོ་བརྙན་ཁང་གི་བཅར་འདྲི་དང་ལེན་བྱས།

 
ཐེངས་འདིའི་བཅར་འདྲིའི་ནང་དོན་ནི་རྒན་འབྲུག་ཐར་ལགས་ཀྱིས་ཀན་སུའུ་མདའ་ཚང་ཡུལ་ནས་བོན་གྱི་དཔེ་རྙིང་གསར་རྙེད་བྱུང་བའི་

རྒྱུད་རིམ་དང་དཔེ་རྙིང་གི་ནང་དོན། དཔེ་རྙིང་དེའི་དཔེ་བསྒྲིགས་པར་སྐྲུན་གྱི་རྒྱུད་རིམ་སོགས་ཀྱི་སྐོར་ཡིན།

      སྤྱི་ལོ་2010ལོར་མདོ་སྨད་མདའ་ཚང་ཡུལ་དུ་དཔེ་རྙིང་འདི་འདྲ་ཞིག་ཡོད་པ་གསར་དུ་རྟོགས་རྗེས། རྒན་འབྲུག་ཐར་ལགས་ཀྱིས་ལོ་དེའི་ཟླ་དྲུག་པར་ལན་ཀྲིག་སློབ་ཆེན་གྱི་མི་རིགས་རིག་པའི་ཞིབ་འཇུག་སློབ་མ་དང་ཀན་སུའུ་དཔེ་སྐྲུན་ཁང་གི་ཞུ་ཆེན་པ། སྒྲ་ཕབ་བརྙན་ལེན་པ་བཅས་ཀྱིས་གྲུབ་པའི་ཀན་སུའུ་དམངས་དོན་བོད་ཀྱི་གནའ་དཔེ་དཀར་ཆག་དག་སྒྲིག་རྟོག་དཔྱོད་ཚོགས་པ་ཁྲིད་དེ་མདའ་ཚང་ཡུལ་དུ་ཕྱིན་པ་དང་། ས་དེའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་དཔེ་རྙིང་དག་ཉར་ཚགས་བྱས་མཁན་གྱི་བོད་ཁྱིམ་ཚོའི་རོགས་རམ་དང་རམ་འདེགས་འོག་དཔེ་རྙིང་རྩད་གཅོད་དང་བསྡུ་སྒྲིག་གི་ལས་ཀ་ཚེགས་མེད་ངང་འགོ་བརྩམས།
      དཔེ་རྙིང་འདི་དག་མདའ་ཚང་ཡུལ་གྱི་རྐ་ངོགས་ཞང་དང་ཞིན་ཁྲིན་བོད་མའི་ཞང་། ནན་ཧི་ཞང་བཅས་ཞང་གསུམ་གྱི་བོད་ཁྱིམ་བཅུ་གསུམ་དུ་ཉར་བའི་དཔེ་རྙིང་ཡིན་ལ། རེབ་འདིར་ཁྱོན་གླེགས་བམ་སོ་གཅིག་རྙེད་སོན་བྱུང་བ་དང་། ཤོག་ངོས་སྟོང་ཚོ་བདུན་དང་བརྒྱ་ལྷག་ཡོད་པ་ཚང་མ་ལག་བྲིས་རྐྱང་རྐྱང་རེད། མང་ཆེ་བ་གནའ་བོའི་བོད་ཤོག་ཏུ་བྲིས་འདུག་ལ། གླེགས་བམ་གཅིག་ཀོ་བའི་ཐོག་ཞང་ཞུང་ཡིག་རྒན་གྱིས་བྲིས་པའི་རྩིས་གཞུང་གི་སྐོར་ཡིན། རེབ་འདིར་རྙེད་སོན་བྱུང་བའི་གླེགས་བམ་ཚང་མ་དཔེ་ཆ་འགོ་བཙེམས་མ་སོ་གཅིག་ཏུ་བཅོས་ཏེ་བསྒྲིགས་ཡོད།
      ཁ་གྲངས་མང་ལ་ནང་དོན་རྒྱ་ཆེ་བའི་བོན་གྱི་དཔེ་རྙིང་འདི་དག་ནི་དུས་སྔ་ལ་ནང་དོན་ངོ་མཚར་ཆེ་བ། སྐུང་ཡིག་དང་བརྡ་རྙིང་། ཞང་ཞུང་གི་སྐད་བཅས་ཀྱིས་བཅིངས་དྲགས་པས་དོན་རྟོགས་དཀའ་བ། གླེགས་བམ་གྱི་ངོས་སམ་ཡིག་འབྲུའི་བར་མཚམས་སུ་ལྐོག་གྱུར་གྱི་རི་མོ་སྣ་ཚོགས་ཀྱིས་བརྒྱན་འདུག ནང་དོན་གྱི་ཆ་ནས་གཙོ་བོ་ཞང་ཞུང་གི་རྒྱལ་རབས་ལོ་རྒྱུས་དང་ཚོ་ཤོག་ལོ་རྒྱུས། ཞང་ཞུང་གི་ཡིག་གཟུགས་རྙིང་བ། ས་འདུལ་གཏོ་བཅོས། བསང་འབུལ་མཆོད་པ། མི་ཚེ་ཆོ་སྒྲུབ། མདོས་ཡས་གཏོང་བ། ཐན་འགོག་ཆར་ཕབ། ལྷ་གསོལ་བརྔན་རྒྱག ཕྱྭ་དང་གཡང་འགུག གཙང་ཤེས་སེལ་འདེབས། བླ་འབོད་ཚེ་འགུག མོ་ལུང་རྩིས་རྒྱག འདྲེ་སྲི་གླུད་གཏོང་སོགས་ཡ་ཐོག་བོད་མའི་སྤྱི་ཚོགས་འཚོ་བ་དང་བསམ་བློ། ཡུལ་སྲོལ་གོམས་གཤིས་སོགས་མཚོན་པའི་ནང་དོན་རེད། 
      བོན་གྱི་དཔེ་རྙིང་གླེགས་བམ་འདི་དག་ནང་དོན་དང་ཡི་གེ། བརྡ་ཆད་སོགས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་མཐར་དུས་རབས་ལྔ་བ་དང་དྲུག་པའི་དུས་ཀྱི་དཔེ་རྙིང་ཡིན་པ་ཐག་ཆོད་བྱུང་ཡོད་ལ། དེའི་ཡར་སྔོན་གྱི་བོད་མའི་བསམ་བློ་དང་མཚན་ཉིད་རིག་པ། ཆོས་ལུགས། ཚན་རིག་ལག་རྩལ་སྐོར་གྱི་སྟོང་ཆ་བསབ་པའི་ཡིག་ཆ་རྩ་ཆེན་ཡིན་ཟེར། 
      བཅར་འདྲིའི་ལས་ཀའི་ཁྲོད་བློ་ཡིད་ལས་འདས་པ་ཞིག་ནི། རྒན་འབྲུག་ཐར་ལགས་ཀྱིས་ཡིག་གཟུགས་འདི་ནི་གངས་རིའི་ཁྲོད་ཀྱི་ཡི་གེ་ཞེས་པ་དེ་རེད་ཅེས་ད་སྔ་མཐོང་མ་མྱོང་བའི་ཡིག་གཟུགས་ངོ་མཚར་བོ་ཞིག་དཔེ་ཆའི་ནང་ཡོད་པ་བསྟན་བྱུང་བ་དེ་དང་། གཞན། འདི་ནི་ལོ་ངོ་སྟོང་ཕྲག་འགའི་ཡར་སྔོན་དུ་ཞང་ཞུང་གི་ཡུལ་དུ་འཚོ་བའི་རྟ་ལག་པ་བཞི་ཅན་གྱི་ལག་རུས་དང་རྨིག་པ་རེད་ཅེས་རྟའི་ལག་རུས་རྨིག་པ་དང་ལྡན་མའི་རུས་ཚིགས་དངོས་ཤིག་བསྟན་པ་ནི་བག་ཆགས་ཆེས་ཟབ་ལ་ཆེས་བརྗེད་དཀའ་ཤོས་རེད།


གནའ་བོའི་ཞང་ཞུང་ཡུལ་གྱི་རྟ་ལག་པ་བཞི་ཅན་གྱི་ལག་རུས་དང་རྨིག་པ་ལྡན་མའི་རུས་ཚིགས་ཀྱི་འདྲ་པར།

གངས་རིའི་ཁྲོད་ཀྱི་ཡི་གེ་ཞེས་པའི་ཡིག་གཟུགས་ཀྱི་འདྲ་པར། 

      རྩད་ཇེ་ཞིབ་ཏུ་གཏོང་བའི་དགེ་མཁོར་དམིགས་ཏེ་དཔེ་རྙིང་རྙེད་སའི་ཡུལ་གྱི་ལོ་རྒྱུས་ཐུང་ངུ་ཞིག་དང་རྩོམ་པ་བོའི་ལོ་རྒྱུས་ཉུང་བསྡུས་ཤིག་ཟུར་དུ་བཀོད་པ་གཤམ་གསལ་ལྟར། 
      མདའ་ཚང་ནི་རྫོང་ཞིག་ཡིན་ལ། ཀན་སུའུ་ཞིང་ཆེན་ལོན་ནན་ས་ཁུལ་གྱི་ནུབ་བྱང་གི་རྒྱུད་དུ་མཆིས་ལ། རྫོང་ཁོངས་སུ་གྲོང་རྡལ་དྲུག་དང་ཡུལ་ཚོ་བཅུ་དགུ་ཡོད་པར་མི་མགོ་འབུམ་གཉིས་དང་ཁྲི་དགུ་ཡས་མས་ཡོད། ཡུལ་སྤྱིའི་རྒྱ་ཁྱོན་ལ་ས་ལམ་ཁ་བཀང་ཁྲི་གསུམ་སྟོང་གསུམ་སུམ་བརྒྱ་སོ་གཅིག་ཙམ་ཡོད། རེབ་འདིའི་བོན་གྱི་དཔེ་རྙིང་ལེགས་བསྒྲིགས་ཀྱི་དཔེ་ཚོགས་༼མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན༽གྱི་དཔེ་སྐྲུན་གསལ་བཤད་ལས་ངོས་བཤུས་བྱས་པར། “宕昌”ཞེས་པའི་ཐ་སྙད་དེ་ཆེས་ཐོག་མར་རྒྱའི་ཡིག་ཚང་༼ཆུའི་གཞུང་འགྲེལ་༽ལས་བྱུང་། སྤྱང་ཆུ་ནི། མདའ་ཚང་མཁར་(宕昌城)གྱི་ཤར་སྣེ་བརྒྱུད་དེ། ཤར་དང་ལྷོར་འབབས་ཅེས་ཁོད་ཡོད། རྒྱའི་ཡིག་ཐོག་ཏུ་ཕབ་པའི་“宕昌”ཞེས་པའི་མིང་ནི་དོན་ལ་བོད་ཡིག་གི་མདའ་ཚང་ཞེས་པའི་སྒྲ་རང་སོང་བཞག་པར་སེམས། ང་ཚོས་ད་སྔ་“宕昌”ཞེས་པའི་མིང་འདིའི་སྒྲ་ཀློག་སྟངས་ལ་གསལ་བཤད་གནང་བའི་རྒྱའི་དཔེ་རྙིང་རྩ་ཆེན་ཞིག་མཐོང་བ་ནི། ༼སྲིད་དོན་མེ་ལོང་༽དང་༼དེར་ཐེར་ཀུན་གསལ༽གཉིས་ཡིན་པ་དང་། དེ་ལས་རྒྱ་ནག་གི་གནའི་སྐད་ལ་ཡི་གེ་荡དང་汤གཉིས་སྒྲ་མཚུངས་པར་བསྟན་པ་དང་། དེང་མདའ་ཚང་ཡུལ་གྱི་བོད་མིས་“宕昌”ལ་“汤昌”ཞེས་འདོན་པ་ལས། “炭昌”ཡང་ན་“荡昌”ཞེས་འདོན་སྲོལ་མེད་པ་དང་། དེང་རབས་རྒྱའི་སྐད་ཡིག་ལྟར་ནའང་ 汤དང་“炭”གཉིས་ལ་འདྲ་ས་མང་ཞིང་། “汤昌”ཞེས་པ་ཡང་དང་བསྐྱར་དུ་མྱུར་བར་ཀློག་ཚེ་སྒྲ་གདངས་“炭昌”ཞེས་པར་འགྱུར་འགྲོ་ཕྱིར། ས་དེའི་བོད་མིས་འབོད་པའི་“宕昌”ཞེས་པའི་སྒྲ་ནི་“炭昌”ཞེས་པའི་སྒྲ་འགྱུར་ལས་བྱུང་བར་ཤེས་རྟོགས་བྱུང་།
      ང་ཚོས་ལོ་རྒྱུས་ཡིག་ཚང་མང་བོར་མཇལ་བ་ལས། “宕昌”ཞེས་འབོད་པའི་མིང་འདི་ལ་གོ་དོན་གསུམ་ཡོད་པ་རྟོགས། གཅིག་ནི་རྒྱལ་རབས་ལྷོ་མ་དང་བྱང་བའི་སྐབས་སུ་ཀེའུ་ཡུལ་མཁར་(陇南)དང་། ཀན་སུའུ། མཚོ་སྔོན། སི་ཁྲོན་བཅས་གནས་དེར་འཁོད་པའི་ཡུལ་མི་སྟེ་གནའ་བོའི་ཆཱང་མི་ལ་འཇུག་པ་དང་། གཉིས་སུ་མདའ་ཚང་རྒྱལ་ཁབ་ལ་གོ་བ་དང་། གསུམ་དུ་མདའ་ཚང་ཞེས་མཁར་མིང་བཅས་ལ་འཇུག་པའི་གོ་དོན་གསུམ་ཙམ་ཡོད་ཀྱང་། སྔོན་ཆད་ཡུལ་འདིའི་གནམ་གཤིས་དྲོད་གྲང་སྙོམས་ཤིང་། སྨྱུག་མའི་སྡོང་བོས་གང་ས་ཀུན་ནས་བརྒྱན་པ་དང་། དུས་ནམ་ཞིག་ལ་བོད་མའི་མི་རྒྱུད་དྭངས་མ་སྟེ་ཆྰང་མིས་གནས་འདི་བདག་གིར་བཟུང་སྟེ་རང་དམག་ལ་མདའ་གཞུ་བཟོ་བའི་ཡུལ་ཡིན་པའི་ཆ་ནས། གནའི་ཐ་སྙད་“宕昌”ཞེས་པ་ནི་བོད་སྐད་ཀྱི་མདའ་ཚང་ཞེས་པའི་སྒྲ་མ་ཉམས་པར་རང་སོར་བཞག་པར་སྙམ་པའོ། །


དཔེ་ཚོགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་འདྲ་པར་གཞན་དག

      རྒན་འབྲུག་ཐར་ལགས་སྤྱི་ལོ1949ལོའི་སྤྱི་ཟླ་10ཚེས་5ཉིན་མདོ་སྨད་བསང་ཆུ་རྫོང་དུ་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སྔ་གཞུག་ཏུ་སློབ་ཐོན་ལག་ཁྱེར་བླངས་པ་དང་། རྗེས་སུ་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་མདུན་ནས་བོད་ཀྱི་རིག་གནས་ཀྱི་ཕྱོགས་སོ་སོར་སྦྱང་བ་དཔྱིས་ཕྱིན་པ་མཛད། ད་ལྟ་ལན་ཀྲིག་སློབ་ཆེན་ནུབ་བྱང་མི་རིགས་གྲངས་ཉུང་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་མི་རིགས་ལོ་རྒྱུས་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་མི་རིགས་གནའ་ཡིག་ཞིབ་འཇུག་ཚོགས་པའི་ཚོགས་མི། ཀྲུང་གོའི་ཐང་གི་ལོ་རྒྱུས་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་མི་རིགས་སྤྱི་ཚོགས་རིག་པའི་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ཞིང་ཆེན་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཁོངས་མི། ཀན་སུའུ་ཞིང་ཆེན་མི་རིགས་རིག་པ་དང་ཆོས་ལུགས་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་གཅིག་ལྕོག་ཏུ་བཞེས་ཡོད།
      ཁོ་བོར་༼ཀྲུང་གོའི་བོད་ཀྱི་ཚོ་ཤོག་ལོ་རྒྱུས་༽དང་༼ཀན་སུའུ་བོད་ཀྱི་ཚོ་ཤོག་གི་སྤྱི་ཚོགས་དང་ལོ་རྒྱུས་ཞིབ་འཇུག༽ ༼དཔའ་རུས་བོད་ཀྱི་ལོ་རྒྱུས།༽ ༼ཨ་རིག་ཚོ་ཤོག་སྤྱི་ཚོགས་ལོ་རྒྱུས་རིག་གནས་ཞིབ་འཇུག༽ ༼བོད་ཀྱི་རྩོམ་རིག་ལོ་རྒྱུས།༽ ༼ཙོང་ཁ་བའི་བྱང་ཆུབ་ལམ་རིམ།༽ སོགས་ནང་དོན་རིག་པ་དང་ལོ་རྒྱུས། རྩོམ་རིག་སོགས་བོད་ཀྱི་རིག་གནས་ཀྱི་ཕྱོགས་སོ་སོ་འདུས་པའི་བརྩམས་ཆོས་སུམ་བཅུ་ལ་ཉེ་བ་དཔར་སྐྲུན་དང་། ༼ཕོ་བྲང་ཕོ་ཏ་ལའི་བཞེངས་སྐྲུན་སྒྱུ་རྩལ་ལ་དཔྱད་པ་༽སོགས་རིག་གཞུང་དཔྱད་རྩོམ་སུམ་བཅུ་ལྷག་བོད་རིག་པའི་དུས་དེར་གཙོ་བོ་དག་གི་སྟེང་དུ་ཕུད་ཡོད་ལ། ཁོ་བོའི་བརྩམས་ཆོས་སྐོར་ཞིག་ལ་རིམ་པ་མི་འདྲ་བའི་རྟགས་མ་ཡང་མང་བོ་ཐོབ་ཡོད། 
      ཐེངས་འདིར་ཁོ་བོས་གསར་རྙེད་བྱུང་བ་དང་སྒྲིག་གཙོའི་འགན་འཁུར་ནས་དཔེ་བསྒྲིགས་པར་སྐྲུན་མཛད་པའི་༼མདོ་སྨད་མདའ་ཚང་ཡུལ་གྱི་གནས་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན་༽ཞེས་པའི་དཔེ་ཚོགས་དེས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་རིག་གཞུང་གི་ཁྱབ་ཁོངས་སོ་སོར་བྱས་རྗེས་བླ་ལྷག་བཞག་འདུག་ལ། མཛམ་གླིང་ཤེས་རིག་གི་གླིང་ཀར་བཀྲག་མདངས་གསར་བ་བསྣན་འདུག
      མཇུག་མཐར། རྒན་འབྲུག་ཐར་ལགས་ཀྱིས་དཔེ་རྙིང་འདིའི་དཔེ་བསྒྲིགས་པར་སྐྲུན་ཀྱི་ཐད་ནས་ཆེས་ཐོག་མར་ཀན་ལྷོ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག བཅར་འདྲིའི་ནང་དོན་གྱི་བརྙན་གཟུགས་མི་འགྱང་བར་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ལ་མཁོ་འདོན་བྱ་ངེས་ཡིན་པར་ཁམས་གསེང་དེ་ནས་ངོ་འཕྲལ་པར་དགའ་བསུ་ཞུ་ཞུ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག