ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་འདུ་འཚོགས་པ།
བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་འདུ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྟོགས་ལྡན་བསྐལ་ཁོ།] [ཟླ་ཚེས། 13-01-22] [ཀློག་གྲངས། ]


གཡུང་དྲུང་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་ཐེངས་གསུམ་པའི་
ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་པ།

   འཛམ་གླིང་སྤྱི་དང་སྒོས་སུ་རྒྱལ་ནང་གི་ས་གནས་སོ་སོར་བོད་ཀྱི་མེས་པོའི་རིག་གཞུང་དང་། ལོ་རྒྱུས། ཆོས་ལུགས་བཅས་ཀྱི་སྐོར་ལ་ཆུ་འགོ་གངས་གཏུགས་ཀྱི་ལོ་རྒྱུས་ཡ་ཐོག་ཞང་ཞུང་དང་བོན་གྱི་ལོ་རྒྱུས་ལ་སྔར་ལས་ལྷག་པའི་དོ་སྣང་དང་། བགྲོ་གླེང་། ཞིབ་འཇུག་སོགས་བྱེད་བཞིན་པའི་དུས་འདིར། བོན་གྱི་ཐ་སྙད་སྐོར་མི་རིགས་གཞན་གྱི་སྐད་ཡིག་ཏུ་བསྒྱུར་སྐབས་དེ་སྔོན་གཏན་འབེབ་བྱས་པའི་ལོ་རྒྱུས་ཡིག་རིགས་ཅུང་དཀོན་པར་བརྟེན། དུས་རྒྱུན་དཀའ་ངལ་འཕྲད་ཆེ་བ་དབྱིན་ཡིག་དང་རྒྱ་ཡིག་ཐོག་བོན་གྱི་ཐ་སྙད་བསྒྱུར་དུས་དེ་དག་མིང་དོན་འཆུག་པ་དང་ནོར་བ། གོ་བ་ལོག་པ། ཐ་ན་མིང་གཅིག་ལ་ཐ་སྙད་འབྲི་ཚུལ་མི་འདྲ་བ་དུ་མ་ཞིག་ཐོན་ཏེ་རྒྱ་ཆེའི་ཀློག་པ་རྣམས་དང་། ཞིབ་འཇུག་དང་ཆེད་ལས་པ་ཀུན་ལ་ཐ་སྙད་གཅིག་གྱུར་མེད་པའི་རྐྱེན་གྱིས་དཀའ་ངལ་དུ་མ་ཞིག་འཕྲད་དང་འཕྲད་མུས་རེད། དཀའ་ངལ་དེ་གདོང་ལེན་བྱེད་ཆེད་༢༠༡༠ ལོ་ནས་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་ལས་ཀའི་མགོ་བཟུང་།

   ད་ལམ་ཡང་ཐེངས་གསུམ་པ་དེ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་བཀོད་འདོམ་འོག་ཚོགས་གཞོན་ཤར་ཡུལ་སྣང་ཞིག་དགོན་གྱི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་དྲུང་གཞོན་རྟོགས་ལྡན་བསྐལ་ཁོ་གཉིས་ཀྱིས་སྣེ་ཁྲིད་ལྟར་སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་གྲོང་ཁྱེར་སྤོས་ལྡན་དུ་འཚོགས།

   ཐེངས་འདིར་ཚོགས་ཞུགས་གནང་མཁན་བོན་གྱི་ཆེད་ལས་མི་སྣ་བོད་རྒྱའི་སྐད་ཡིག་གཉིས་མཁས་ཀྱི་བླ་སྤྲུལ་དགེ་བཤེས་མཁས་པ་སུམ་ཅུ་ལྷག་འདུ་འཛོམས་གནང་ཡོད་པ་སྟེ། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ། སི་ཁྲོན་ཞིང་ཆེན་ནང་བསྟན་འཐུས་ཚོགས་གྱི་དྲུང་གཞོན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཞོན། ཤར་ཁོག་དགའ་མལ་དགོན་ཆེན་གྱི་མཁན་པོ། ཤར་ཁོག་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་མཁན་པོ་བླ་མ་ཚེ་རིང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་བོན་མཁར་སྤྲུལ་སྐུ་བསྐལ་བཟང་རིན་ཆེན། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་དང་། ཀོང་པོ་སྐུ་ཤུག་དགོན་པའི་དགོན་བདག རྔ་བ་སྣང་ཞིག་དགོན་པའི་ཁྲི་ཟུར་སྤྲུལ་སྐུ་ཨ་གྲགས་ཤེས་རབ་དཔལ་ཆེན། རྔ་ཡུལ་རྟོགས་ལྡན་དགོན་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་གཞོན་པ། 《བོན་ཞིབ་འཇུག》དཔྱད་དེབ་ཀྱི་གཙོ་སྒྲིག་པ་ཉག་སྤྲུལ་སྐུ་བསོད་ནམས་རྒྱ་མཚོ། མཚོ་སྔོན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཁྱུང་མོ་དགོན་པའི་མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ། 《གླང་དར་མ》དུས་དེབ་རྩོམ་སྒྲིག་པ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཚོགས་མི། རྔ་བ་རྫོང་སྣང་ཞིག་དགོན་པའི་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་འགན་འཛིན། དཔལ་གཤེན་བསྟན་སྨན་རི་དགོན་པའི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ། སྒང་རི་དར་རྒྱས་དགོན་པའི་དབུ་བླ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་དབྲ་ཁྱུང་སྐལ་བཟང་ནོར་བུ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི། ཧོར་བྲག་གཞི་རིང་དགོན་གྱི་མཁན་པོ་ཚེ་རིང་ནོར་བུ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཚོགས་མི། རྔ་བ་རྫོང་རྟོགས་ལྡན་དགོན་པའི་ཁྲི་ཟུར་རྟོགས་ལྡན་བསྐལ་ཁོ། གཟི་རྩ་སྡེ་དགུའི་དར་རྒྱས་དགོན་གྱི་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། རྔ་བ་སྣང་ཞིག་དགོན་པའི་དམངས་བདག་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ། དགེ་བཤེས་ཤེས་རབ་ཚུལ་ཁྲིམས་སམ་འཇམ་མེ། རྔ་བ་སྣང་ཞིག་དགོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་རྒན། སྣང་ཞིག་དགོན་པའི་དགེ་བཤེས་གཡུང་དྲུང་བསམ་གཏན། རྔ་ཡུལ་སྣང་ཞིག་དགོན་གྱི་དགེ་བཤེས་བསོད་ཁོ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ། ཤར་ཡུལ་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཞི་བའི་རབ་འབྱམས་སློབ་ཐོན་པ། བོད་ལྗོངས་ལུང་དཀར་དགོན་གྱི་གཡུང་དྲུང་བསྟན་འཛིན།《མུ་ཁྲི་བཙན་པོ》ལོ་དེབ་ཀྱི་རྩོམ་སྒྲིག་པ་ཨ་དཔལ་བཟང་། མཚོ་སྔོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་སྔགས་འཆང་ཚེ་སྒྲུབ་རྒྱལ། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ། འབུམ་རམས་པ་ཤར་བ་ཐོགས་མེད། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་རྒན་རྒྱལ་སྒོ་ཚེ་བརྟན་སྐྱབས། སི་ཁྲོན་རྔ་བ་ཁུལ་མཐོ་རིམ་དགེ་འོས་སློབ་གྲྭའི་དགེ་རྒན་ཆེན་མོ་ཤར་པ་ཚེ་བརྟན། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཀུན་དགའ་ཡེ་ཤེས། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ། རྒན་མཆོག་ལྡན་ཐར། གཡང་གི་ཕྱུག་མོའི་དཔར་སྒྲིག་ཁང་གི་འགན་འཛིན་ཀུན་ཐར་མཚོ། ཟིང་ཆུ་ཞང་ངུ་ཀུན་དགའ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་བཀྲ་ཤིས་རྒྱལ་མཚན། ཉག་རོང་གི་སློབ་མ་དྲན་པ་ལྷ་མོ། དགེ་བསྙེན་མ་སུང་ཅེ། དགེ་བསྙེན་མ་ལིས་ཤོའོ་ཕན། དགེ་བསྙེན་མ་འཕགས་དཔྱོད་མ། དགེ་བསྙེན་མ་ཅེན་ཅེན། དགེ་བསྙེན་མ་ཉེ་ནན་སོགས་མི་སྣ་སུམ་ཅུ་ལྷག་འཛོམས།

   ཐེངས་འདིར་ཉིན་བཞིའི་བགྲོ་གླེང་ནང་གཙོ་བོ་དེ་ཐེངས་སྔ་མའི་སྐབས་ཀྱི་ཐག་གཅོད་ལྟར་རྒྱལ་བའི་བཀའ་འགྱུར་ཆེན་མོའི་མཚན་ཡོངས་རྫོགས་རྒྱ་ཡིག་ཏུ་ཕབ་བསྒྱུར་གཏན་འབེབ་གནང་བ་ཡིན་ལ།

   དེ་ལ་ཡང་པོད་རེ་རེ་བཞིན་དུས་ཡུན་ངེས་ཅན་ལ་ཆེད་ལས་མཁས་པ་དག་གིས་གཟབ་ནན་ངང་གཞུང་སོ་སོའི་མཚན་དང་དགོངས་དོན་ཟུང་དུ་འབྲེལ་ནས་གྲོས་མོལ་གང་མང་བྱས་མཐར་གཞུང་སོ་སོའི་མཚན་རྒྱ་ཡིག་ཏུ་ཕབ་བསྒྱུར་དང་གཏན་འབེབ་བྱས་པ་ལགས། དེ་ལྟར་ཕབ་བསྒྱུར་བྱས་ཟིན་པའི་ཡིག་ཆ་ཡང་ཐབས་ཤེས་གང་ལེགས་ཀྱིས་གཟིགས་པ་པོ་རྣམ་པའི་སྤྱན་སྔར་བལྟར་ངེས་ཡིན།

   ཚོགས་ཞུགས་པ་རྣམས་ཀྱིས་སྔ་ཕྱིར་གཏན་འབེབས་ཟིན་པའི་ལག་རྗེས་ཕྲ་མོ་འདི་ནི་མི་བརྒྱ་ངག་གཅིག་གི་ལམ་བུ་དང་། ཆུ་བརྒྱ་ཟམ་འོག་ཏུ་བགྲོད་པའི་ལམ་བུ་ཞིག་ཏུ་ངོས་འཛིན་གནང་སྟེ། བོན་གྱི་ལོ་རྒྱུས་ལ་དོ་སྣང་དང་ཐུགས་སྣང་དཀར་བའི་རྩོམ་སྒྲིག་པ་དང་། ཞིབ་འཇུག་པ། སློབ་གཉེར་བ། ཉམས་ལེན་པ་སུ་ཡིན་རུང་། བོན་གྱི་སྐོར་རྒྱའི་སྐད་ཡིག་ཐོག་ཕབ་བསྒྱུར་དང་རྩོམ་འབྲི་སོགས་གནང་དུས་གཏན་འབེབས་བྱས་ཟིན་པའི་ཐ་སྙད་འདི་དག་ངེས་པར་དུ་ཁྱེད་རྣམས་ཀྱིས་བེད་སྤྱོད་གནང་རོགས་ཞུ་ལ། ཐ་སྙད་གཅིག་གྱུར་ཡོང་ཆེད་སྐུ་ཉིད་དང་འབྲེལ་བ་ཡོད་པའི་་གྲོགས་པོ་དག་ལ་ཡང་དེ་བཞིན་འབོད་བསྐུལ་གནང་རྒྱུའི་རེ་བ་ཞུས་པ་ཡིན། །

སྤྱི་ལོ་༢༠༡༣ལོའི་ཟླ་༡ཚེས་༢༡ཉིན་སྤོས་ལྡན་གྲོང་ཁྱེར་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག