ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྨན་རིའི་གླིང་དུ་ཡི་དམ་སྟག་ལའི་བསྲུང་ཟློག་བསད་གསུམ་གྱི་ལས་མཐའ་ཆ་ཚང་མཛད་པ།
སྨན་རིའི་གླིང་དུ་ཡི་དམ་སྟག་ལའི་བསྲུང་ཟློག་བསད་གསུམ་གྱི་ལས་མཐའ་ཆ་ཚང་མཛད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྲོང་རིན་རྒྱལ།] [ཟླ་ཚེས། 13-02-01] [ཀློག་གྲངས། ]


  བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་སྟེ་ཕྱི་ལོ་༢༠༡༣་ཟླ་༡་ཚེས་༢༧་ཉིན་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམས་པ་གཙོས་པའི་རིས་མེད་ཀྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་པ་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མི་མཐུན་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ཞིང་འཚེ་མེད་ཞི་བདེའི་དཔལ་ལ་རོལ་པ་སོགས་ཀྱི་ཆེད་འདི་ག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་ཚང་འདུས་མང་ནས་ཉིན་འགྱང་ལྔ་ཡི་རིང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་མཆོག་གིས་བཀའ་དགོངས་གཞིར་བཟུང་ལྟར།


   ཕྱི་ཚེས་༢༧་ཉིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་ཚང་འདུས་སྤྱི་ནས་གཙུག་ལག་ཁང་དུ་ཡི་དམ་སྟག་ལ་མེ་འབར་གྱི་འབུམ་ཚོགས་དབུ་འཛུགས་གནང་ཏེ་ཉིན་ལྔ་ཡི་རིང་ཚོགས་མཆོད་རྒྱས་འབུལ་གནང་ཡོད་པ་དང་།བོན་གཞིས་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཡི་དམ་སྟག་ལ་མེ་འབར་གྱི་བསྲུང་བ་དང་།ཟློག་པ།བསད་པ་གསུམ་གྱི་ལས་མཐའ་བཙུག་ཏེ་ཕྱི་ཚེས་༣༠་ཉིན་ཡི་དམ་སྟག་ལའི་སྦྱིན་བསྲེག་མེ་སྤར་མཛད་དེ་སྦྱིན་བསྲེག་རྒྱབ་པ་དང་།


   བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་སྟེ་ཕྱི་ཚེས་༣༡་ཉིན་སྒོ་དབྱེ་དང་བསད་ལས་ཀྱི་རིམ་པ་མཇུག་བསྐྱངས་ཏེ་དགོང་དྲོའི་འཁོར་དུས་བདུན་པ་ཡས་མས་སུ་༧སྐྱབས་རྗེ་སྨན་རི་བ་དབུ་བཞུགས་ཐོགསྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་པོ་གཉིས་ནས་སེར་སྐྱ་མི་མང་ཡོངས་ལ་ཟློག་ཁྲུས་གནང་བ་དང་།དེ་ནས་ཟློག་རྒྱག་དང་།བྱད་མདོས་གྱི་ལས་རིམ་སོགས་ཟིན་མཚམས་སུ་མེ་ཧོམ་དང་བཙོ་འཕེན་སོགས་ལས་མཐའ་མཛད་ཡོད་པ་དང་།མཐར་བཀྲ་ཤིས་དབྱེ་བསྡུ་བསྔོ་སྨོན་སོགས་ཀྱིས་མཇུག་བརྒྱན་ཡོད་པ་བཅས་སོ།།

གནས་ཚུལ་ཕྱོགས་བསྡུས་པ་ཨ་ཀྲོང་རིན་ཆེན།
པར་པ་ཁྲི་གཡུང་དྲུང་དང་བྲག་མགོ་དགེ་བཤེས། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག