ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བཙུན་དགོན་རདྞ་སྨན་གླིང་གི་ཡིག་རྒྱུགས་ཆེན་མོའི་ངོ་སྤྲོད།
བཙུན་དགོན་རདྞ་སྨན་གླིང་གི་ཡིག་རྒྱུགས་ཆེན་མོའི་ངོ་སྤྲོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨན་རིའི་བླ་སྤྱི།] [ཟླ་ཚེས། 13-02-02] [ཀློག་གྲངས། ]


བོན་གཞིས་ཐོབ་རྒྱལ་གསར་པའི་བཙུན་དགོན་རདྞ་སྨན་གླིང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་ངོ་སྤྲོད།

བོན་གཞིས་ཐོབ་རྒྱལ་གསར་པའི་བཙུན་དགོན་རདྞ་སྨན་གླིང་།

      ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས། དགོས་ཆེད་དུ་མ་ལ་གཟིགས་ཏེ་ལྕགས་མོ་སྦྲུལ་གྱི་ལོ་སྤྱི་ལོ་༢༠༠༡དགུང་གྲངས་དོན་གསུམ་ཐོག འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷོ་ངོས་ཀྱི་ཆར། བཙུན་མའི་འདུས་སྡེ་ཆེན་མོ་བཙུན་དགོན་རདྞ་སྨན་གླིང་དངོས་སུ་ཕྱག་བཏབ་མཛད།

 

      ཕྱི་ལོ་༢༠༡༠ཕྱི་ཟླ་༡༢པའི་ཚེས་༢༠བོད་ཟླ་བཅུ་གཅིག་པའི་ཚེས་༡༤ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་དབུས་པའི་༧དཔལ་ལྡན་སྨན་རིའི་བླ་སྤྱི་དང༌། དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པ། སྨན་རིའི་གྲྭ་ཚང་དང་སྨན་རིའི་བཤད་སྒྲུབ་འདུས་སྡེ་བཅས་ཀྱི་ལས་སྣེ་ལྷན་རྒྱས་ བཙུན་དགོན་རདྞ་སྨན་གླིང་དུ་ཆེད་ཕེབས་གནང་སྟེ། བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་བརྒྱན་པའི་བཤད་སྒྲུབ་བསྟན་པའི་སྲོག་ཤིང་ཞེས་བསྔགས་པར་འོས་པའི་མཚན་ཉིད་ཀྱི་བཤད་གྲྭ་གསར་འཛུགས་གནང༌།

      ཕྱི་ལོ་༢༠༡༣སྤྱི་ཟླ་དང་པོའི་ཕྱི་ཚེས་༣༡ཆུ་ཕོ་འབྲུག་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་༡༩ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང༌། བཙུན་དགོན་རདྞ་སྨན་གླིང་གི་དཔེ་འཁྲིད་དགེ་རྒན་སྨན་རིའི་དགེ་བཤེས་བསྟན་འཛིན་ཀུན་ཁྱབ། ཞང་ཞུང་པ་འཕྲིན་ལས་རྒྱ་མཚོ་བཅས་དགོན་གནས་དེར། བཙུན་མའི་ཞལ་གྲངས་བཅུ་ཕྲག་བདུན་ལ་ཉེ་བའི་སློབ་གཉེར་བའི་ཚོགས་ལ། ལོ་རིམ་དང་པོ་སྡུད་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དངོས་སུ་བཏང་བ་མ་ཟད། སློབ་གཉེར་བཙུན་མ་བྱིང་རྣམས་ལ་ལྷུག་རྩོམ་དང་ཡིག་གཟུགས་སོགས་ཀྱི་རྒྱུགས་སྤྲོད་ལེགས་པར་བྱས།

      ཕྱི་ལོ་༢༠༡༣ཕྱི་ཟླ་༠༢པའི་ཕྱི་ཚེས་༠༢ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་དབུས་༧དཔལ་ལྡན་སྨན་རིའི་བླ་སྤྱི། བཙུན་དགོན་རདྞ་སྨན་གླིང་གི་དཔེ་འཁྲིད་དགེ་རྒན་སྨན་རིའི་དགེ་བཤེས་བསྟན་འཛིན་ཀུན་ཁྱབ། ཞང་ཞུང་པ་འཕྲིན་ལས་རྒྱ་མཚོ། སྨན་རིའི་དྲྭ་རྒྱའི་གཙོ་སྒྲུབ་པ་ཁྲི་གཡུང་དྲུང་རིན་ཆེན་བཅས་བཙུན་དགོན་རདྞ་སྨན་གླིང་དུ་ཆིབས་བསྒྱུར་དང་འབྲེལ། སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་གནས་རིམ་ལ་དཔག་པའི་གཟེངས་རྟགས་གསོལ་རས་དང༌། འཕྲལ་ཕུག་རྒྱང་གསུམ་ལ་དམིགས་པའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང༌། དེར་མ་ཟད་བཤད་གྲྭའི་ཁོངས་བཞུགས་བཙུན་མ་རྣམས་ལ་གཟེངས་རྟགས་ཕྱག་འཁྱེར་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོ་ཆེན་མོར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་ཕྱག་བརྒྱུད་ནས་གསོལ་རས་གནང་རྒྱུའི་ཐུགས་ཐག་བཅད། དེ་དག་ནི་ཡ་ཐོག་ཞང་བོད་ཀྱི་ཡིག་ཚང་ནང་གྲགས་མ་མྱོང་བའི་ལོ་རྒྱུས་ཀྱི་ལེའུ་དང་པོ་ཞིག་སྟེ། འབྱུང་འགྱུར་བཙུན་མའི་བཤེས་གཉེན་གྱི་སྔོན་འགྲོའི་ཞིང་ས་གསར་དུ་ཚུགས་པ་བཅས་ཀྱི་གནས་བསྡུས་སོ།།

ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་དང་པོའི་ཕྱི་ཚེས་༣༡ཉིན། བཙུན་དགོན་རདྞ་སྨན་གླིང་གི་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་སྡུད་གྲྭའི་
ལོ་འཁོར་འབྲི་རྒྱུགས་ཆེན་མོ་བཏང་བའི་ཁོངས་ནས་རྒྱུགས་འབྲས་རྩེ་ཕུད་ཨང་ཐོབ་ཁག་གཤམ་གསལ།

གནས་རིམ་དང་པོ།
ཡེ་ཤེས་བྱམས་མ། བསམ་གཏན་དཔལ་འཛིན། བློ་བཟང་སྒྲོལ་མ། ཕུན་ཚོགས་ཚུལ་མཛེས།
གནས་རིམ་གཉིས་པ།
ཚུལ་ཁྲིམས་བཟང་མོ། ཀ༽
གནས་རིམ་གསུམ་པ།
ཤེས་རབ་དཔལ་འཛིན། བརྩོན་འགྲུས་བཟང་མོ། རྣམ་དག་ལྷ་མོ།
བཙུན་དགོན་རདྞ་སྨན་གླིང་གི་སློབ་ཕྲུག་བཙུན་མ་ཆུང་བ་རྣམས་ཀྱིས་བྲིས་པའི་རང་རྩོམ་རབ་འབྲིང་ཐ་གསུམ་དང་འབྲེལ་བའི་གནས་རིམ།
རང་རྩོམ་ལེགས་ཤོས།
ཚེ་རིང་ལྷ་མོ། འགྱུར་མེད་ལྷ་མོ། པད་མ་ཆོས་སྐྱིད། བསྟན་འཛིན་བཟང་མོ། བློ་བཟང་ཤེས་རབ།
རང་རྩོམ་འབྲིང༌།
སྐལ་ལྡན་དབང་མོ། བདེ་ཆེན་བླ་མ། ཨུ་རྒྱན་པད་མ། པད་མ་བཟང་མོ།
རང་རྩོམ་ཐ་མ།
ཤེས་རབ་བྱམས་མ། བསྟན་འཛིན་བྱམས་མ། བསོད་ནམས་བཟང་མོ། ཀུན་བཟང་བྱམས་མ།
བཙུན་དགོན་རདྞ་སྨན་གླིང་གི་སློབ་ཕྲུག་བཙུན་མ་ཆུང་བ་རྣམས་ཀྱིས་བྲིས་གནང་བའི་ཡིག་གཟུགས་རབ་འབྲིང་ཐ་གསུམ་གྱི་གནས་རིམ།
བྲིས་གཟུགས་ཨང་དང་པོ།
ཚེ་རིང་དཔལ་འཛོམས། བློ་གྲོས་ཨ་ནེ། བཟོད་པ་ལྷ་མོ།
བྲིས་གཟུགས་ཨང་གཉིས་པ།
གཡུང་དྲུང་ལྷ་མོ། བརྩོན་འགྲུས་ལྷ་མོ། ཤེས་རིག་བཟང་མོ། ལྷུན་འགྲུབ་བཟང་མོ།
བྲིས་གཟུགས་ཨང་གསུམ་པ།
བསྟན་འཛིན་མཚོ། ཀོ་པེལ་བཟང་མོ། བདེ་སྐྱིད་སྒྲོལ་དཀར།

༧དཔལ་ལྡན་སྨན་རིའི་བླ་སྤྱི་ནས་ཕྱི་ལོ་༢༠༡༣ཟླ་བ་༠༢ཚེས་༠༢ཉིན།
པར་བ།  བཤད་སྒྲུབ་སློབ་དཔོན་དང་འཕྲིན་ལས་རྒྱ་མཚོ། ཁྲི་གཡུང་དྲུང་བཅས་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག