ཉེ་ཆར་ཕྱི་ལོ་༢༠༠༩ལོའི་ཟླ་བ་བཞི་པའི་ནང་རྒྱ་གར་སྨན་རིའི་དགོན་དུ་ཡོད་དུས་ཕྲན་གྱི་དེབ༼མདའ་དང་འཕང་༽ཞེས་པའི་ནང་དབྱིན་བོད་འགྱུར་ཁྱད་ཀྱིས་རྐྱེན་པའི་ཚིག་མི་གསལ་བ་འགའ་རེ་ཐོན་པར་དྲི་བ་དྲིས་ལན་གྱི་ཚུལ་དུ་བགྲོ་གླེང་སྐབས་རྟོག་གེ་བ་འགས་འབྲེལ་མེད་ཀྱི་འཆལ་ཚིག་སྣ་ཚོགས་སྨྲས་པར་བརྟེན། ༼བོན་སྒོ་༽རྩོམ་སྒྲིག་ཚོགས་མི་མཁས་པའི་མཆོག་གྱུར་ཁྲི་གཡུང་དྲུང་གིས་ཁོང་གི་སྙན་ངག་ཕྱོགས་བསྒྲིགས༼གདུང་ཚོར་ནག་པོ༽ཞེས་པ་དང༌། སྣང་རྒྱལ་ཤེས་རབ་དགེ་ལེགས་ཀྱིས་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་༼དམུ་ཐག་གིས་སྦྲེལ་པའི་གནམ་ས༽ཞེས་པའི་དེབ་གཉིས་གནང་སྦྱིན་ཐོག་རྟེན་འབྲེལ་མཚོན་བྱེད་ལྷ་དར་བཅས། དོན་ཚན་དགུར་འཁོད་པའི་ཕྱག་བྲིས་གནང་བར་བརྟེན། འདིར་ཚིག་ཉུང་དོན་བསྡུས་ཐོག་རྩ་བའི་ཆ་ནས་དོན་དང་འགལ་བ་མེད་ཀྱང༌། དབྱིན་བོད་འགྱུར་ཁྱད་ཀྱིས་གསལ་ཁ་གཏོད་དགོས་པ་འགའ་ཞིག་ཅེས་པའི་ལན་གླེང་བ་ལ།
དང་པོ། གཤེན་རབ་མི་བོའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཚང་མར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་ཕོག་ཡོད་པ་ནི་མངོན་གསལ་དོད་པོ་ཡིན། ༼མདའ་དང་འཕང༌༽སྟོད་ཆ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གི་དཔར་མའི་ཤོག་ངོས་༢༤༡ལས་གསལ།
དེང་རབས་ཅན་གྱི་ཞིབ་འཇུག་བརྒྱུད་ནས་བསམ་འཆར་གྱི་ལོ་རྒྱུས་བཤད་པ་ལ། ལོ་ཚིགས་ཀྱི་གུང་བསྒྲིགས་ཏེ་དུས་སྔ་ཕྱི་འདེད་པ་ལས་གཞན་མེད།དོན་གནད་གང་ཞིག་ལོ་ཚིགས་ངེས་ཅན་ཞིག་གི་གོང་དུ་བྱུང་བའམ་རྗེས་སུ་བྱུང་བ་གང་རུང་ལ་གཞིགས་ནས་གཏན་འབེབས་བྱེད་དགོས། དེར་བརྟེན་ལས་རྒྱུ་འབྲས་ཞེས་པའི་ལས་ནི་ལེགས་སྦྱར་གྱི་སྐད་དུ་ཀརྨ་ཞེས་པ་དེ་ཡིན་ལ། དེའི་འབྱུང་ཁུངས་ནི་སྟོན་པ་གཤེན་རབ་མི་བོའི་གསུང་ཁོ་ན་ཡིན་པར་བསྒྲུབ་མི་ཐུབ། གང་ཡིན་ཟེར་ན། ཀརྨ་ཞེས་པ་དེ་རྒྱ་གར་གྱི་ཆོས་རྙིང་པའི་ཡིག་ཆ་༼ཨུ་པ་ནི་ཤ་༽ཞེས་པར་ཡང་བྱུང་ཡོད་པར་གསུངས་ཡོད་ལ། དེར་བརྟེན་སྟོན་པ་ཤཱཀྱ་ཐུབ་པ་ལས་ཅུང་ཟད་སྔོན་དུ་ཕེབས་པའི་རྒྱལ་བ་པའི་སྟོན་པ་མ་ཧཱ་ཝི་ར་Mahavira༥༩༩།༥༢༧ ཕྱི་ལོའི་སྔོན་ཞེས་པའི་ཆོས་ལུགས་ལ་ཡང་ཀརྨ་ཞེས་པའི་ལྟ་བ་ཡོད་པ་དང༌། དེ་བཞིན་སྟོན་པ་ཤཱཀ་ཐུབ་ཀྱི་གསུང་རྣམས་སུ་ཡང་ཀརྨ་ཞེས་པའི་འདོད་དོན་དེའི་རྗེས་སུ་འབྲངས་ཡོད་པ་རྒྱ་གར་རིག་པའི་མཁས་པ་ཀུན་ལ་ཡོངས་གྲགས་ཡིན། དེ་བཞིན་རྒྱ་གར་པའི་ཆོས་ལུགས་ཚང་མར་ལྟ་བ་དེ་སྤྱི་ཁྱབ་ཏུ་ཆེས་སྔ་མོ་ནས་གནས་ཡོད།
སྟོན་པ་གཤེན་རབ་མི་བོའི་མཛད་མདོ་རྣམས་སུ་ཡང་དེ་དག་དང་ཆ་མཚུངས་པར་ཀརྨའི་ལྟ་བ་དེ་གསུངས་ཡོད། དེར་བརྟེན་བན་དེའི་ཆོས་ལུགས་བརྒྱུད་ནས་དེའི་ཤུགས་རྐྱེན་ཐེབས་ཡོད་པར་ངོ་གནོང་དགོས་པ་ཅི་ཡང་མེད་དོ། །དེ་མཚུངས་བོད་ཀྱི་བན་དེའི་གྲུབ་མཐར་བོན་གྱི་ཤན་ཞུགས་ཡོད་པ་དང༌། ལྷག་པར་དུ་བན་དེའི་རྫོགས་ཆེན་གྱི་ཁུངས་བོན་ལ་གཏུགས་ཡོད་པ་ཡང་ཡོངས་གྲགས་ཡིན།
གཉིས་པ། ངོ་མཚར་ཆེ་བའི་དོན་གཞན་ཞིག་ནི། གཤེན་རབ་མི་བོ་བོད་དུ་བྱོན་དོན་ནི་བོན་སྤེལ་ཕྱིར་མ་ཡིན་པར་བདུད་ཁྱབ་པ་ལག་རིང་གིས་བརྐུས་པའི་ཁོང་གི་རྟ་བདུན་པོ་དེ་ཚུར་ལེན་ཕྱིར་ཡིན་ཞེས་པ་དེའོ། །ཤོག་ངོས་༢༤༠ལས་གསལ།
འདིར༼མདོ་གཟེར་མིག༽ཏུ་སྟོན་པ་རྟའི་རྗེས་སུ་ཕེབས་ཡོད་པ་གསལ་པོ་ཙམ་གྱིས་མ་ཚད། ཡང་ནས་ཡང་དུ་གསུངས་ཡོད་པ་འདི་ལྟར། ལོག་པར་གོལ་བའི་སེམས་ཅན་རྣམས། །སྟོན་པས་ཐུགས་རྗེས་མ་བཏུལ་ན། །ཆོ་འཕྲུལ་འཕྲོ་མི་ཆད་པར་འོང༌། ་་་་་ཞེས་པ་ནས་་་་་་་ རྟའི་རྗེས་སུ་སྟོན་པ་གཤེགས་སོ། །པེ་ཅིང་དཔར་ལྡེབ། ༤༩༤ འདིར་སྟོན་པ་རྟའི་རྗེས་སུ་གཤེགས་པ། ཞེས་ལན་བརྒྱད་ཙམ་བྱུང་བ་འདི་མ་དག་པ་ཡིན་ཞེས་ལབ་རྒྱུ་ཡིན་ནམ། བོན་སྤེལ་བའི་ཆེད་དུ་གཤེགས་པར་གསུངས་མེད་པ་ནི། བོད་ཀྱི་བོན་པོ་ཐམས་ཅད་ཀྱང༌། །བསྟན་པ་བཞག་པའི་ད་དུང་གནས་མེད་པས། །ནམ་ཞིག་ཐེག་པ་རིམ་དགུའི་བོན་དར་ནས་སྤྱོད་པར་ཤོག །ཅེས་པས་ཀྱང་ཤེས་པར་བསྙོན་དུ་མེད་དོ། །
གསུམ་པ། ལར་དེང་གི་དུས་ན་བོན་གྱི་བཀའ་མང་པོ་ཡོད་ཅིང༌། དེ་དག་རྣམས་གཤེན་རབ་མི་བོ་ཆེས་གསུངས་པར་བརྗོད་ཀྱི་ཡོད་ཀྱང༌། དོན་དངོས་ཐོག་འདི་ནི་གཤེན་རབ་མི་བོས་བརྩམས་སོ་ཞེས་མཛུབ་མོ་འཛུགས་སའི་དཔེ་ཆ་ཞིག་ནི་མེད། མདོར་ན། གཤེན་རབ་མི་བོ་ཆེས་དཔེ་ཆ་གང་ཞིག་བརྩམས་གནང་ཡོད་དམ་ཞེས་དྲི་བ་ནི་སྟོན་པ་ཤཱཀྱ་མུ་ནེས་དཔེ་ཆ་ག་རེ་བརྩམས་གནང་ཡོད་ཅེས་དྲི་བ་དང་ཡོངས་སུ་མཚུངས་སོ། །ཤོག་ངོས་༢༤༦ལས་གསལ།
འཛམ་གླིང་དུ་ཁྱབ་པའི་ཆོས་ལུགས་ཆེ་ཁག་གི་སྟོན་པ་དཔེར་ན། ཡེ་ཤུའི་སྟོན་པ་དང༌། སྟོན་པ་ཤཱཀྱ་ཐུབ་པ། ཁ་ཆེའི་སྟོན་པ་སྦྲང་རྩི་རྣམས་ཀྱིས་སོ་སོའི་གྲུབ་མཐའ་སྤེལ་བ་ལས། དཔེ་ཆ་བརྩམས་པའམ་བྲིས་པ་ཞིག་མིག་ཡུལ་དུ་གྱུར་པ་གཅིག་ཀྱང་མེད་པ་ལྟར་སྟོན་པ་གཤེན་རབ་མི་བོས་བརྩམས་ཡོད་མེད་ཀྱང་དེ་ལྟར་ཡིན། འདིའི་དོན་ནི་བན་བོན་གཉིས་ཀའི་མདོ་རྣམས་སུ། “འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།” ཞེས་བན་དེའི་ཉན་ཐོས་པ་དང༌། བོན་པོའི་གཡུང་དྲུང་སེམས་དཔའ་གང་རུང་གིས་སོ་སོའི་སྟོན་པས་གསུངས་པ་རྣ་བས་ཐོས་ནས་ཡི་གེར་ཕབས་པར་བཤད་པ་ལས་སྟོན་པས་སྨྱུ་གུ་བསྣམས་ནས་བྲིས་པར་བཤད་མེད།
བཞི་པ། བོན་གྱིས་ཀྱང་རྒྱ་གར་གྱི་ཆོས་ལུགས་ནང་གི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་མེད་སྐོར་གྱི་ལྟ་བ་དག་ལ་ཡིད་སྨོན་བྱས་རྗེས། ལྟ་བ་དེ་དག་གི་འབྱུང་ཁུངས་ལ་མ་དཔྱད་པར་ཐད་ཀར་དང་དུ་བླངས་ཡོད། ཤོག་ངོས་༢༥༧ལས་གསལ།
འདིའི་ལན་གོང་ཞུས་ཨང་ཀི་དང་པོའི་སྐབས་སུ་བཤད་ཡོད་ཀྱང༌། ཡང་བསྐྱར་ཞུས་ན། ལས་རྒྱུ་འབྲས་དང༌། སྐྱེ་བ་སྔ་ཕྱི་ཡི་སྐོར་གྱི་ལྟ་བ་དེ་རྒྱ་གར་པའི་གདོད་མའི་ཆོས་ལུགས་སུ་ཡོད་པ་ལྟར་སངས་རྒྱས་ཆོས་ལུགས་སུ་ཡང་དེ་དག་དང་ལེན་གནང་བ་བཞིན་ལྟ་བ་དེ་དག་བོད་དུ་བན་བོན་གཉིས་ལ་ཐུན་མོང་དུ་གནས་ཡོད་ཅེས་བརྗོད་ན་ཅིས་མི་མཛེས། དེ་བཞིན་ཕྱི་ལོ་༢༠༠༧ལོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྨན་རི་དགོན་དུ་ཕེབས་སྐབས་ཁོང་གི་གསུང་བཤད་ནང་བོན་པོ་ནང་པ་ཡིན་པའི་སྒྲུབ་བྱེད་དུ་བོན་གཞུང་རྣམས་སུ་བན་དེའི་ལྟ་བ་བདག་མེད་དང༌། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ། ཉོན་མོངས་ཕྲ་རགས་སྤོང་ཚུལ། ཟབ་མོའི་སྟོང་པ་ཉིད་སོགས་ཡོད་པས། བོན་པོ་ནང་པ་ཡིན་ཚུལ་གསུངས་པ་སྨན་རི་དགོན་པའི་མཚན་ཉིད་པ་ཚོར་འདི་ལ་མི་འཐད་པའི་སྤོབས་པ་ཡོད་ན་དེ་མ་བཤད་པ་ཅིའི་དོན།
ད་དུང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོན་ནི་ཞང་ཞུང་ནས་བྱུང་བ་དང༌། བོད་ཀྱི་ནང་བསྟན་ནི་རྒྱ་གར་ནས་བྱུང་བ་བཅས་ཁྱད་པར་ཡོད་ཀྱང༌། དུས་ཕྱིས་རིམ་པས་བོན་དང་བན་དེའི་ལུགས་གཉིས་ཛ་ཧཱུྃ་བྃ་ཧོ་ལྟ་བུ་ཕན་ཚུན་དབྱེར་མེད་རོ་གཅིག་པ་ལྟ་བུར་འདྲེས་ཏེ་གནས་ཡོད། ཅེས༼ཤེས་བྱ༽ཨང་༥ལོ་༤ལྡེབ་༥ལས་གསུངས་པ་འདི་ཅི་མ་བདེན།
དེར་བརྟེན་གོང་ས་མཆོག་གི་བཀའ་སློབ་ལ་ཉན་ནས་གྲུབ་མཐའི་ཕྱོགས་ཞེན་དོར་ཏེ་རྒྱལ་བསྟན་རིས་མེད་ལ་ཁ་ཕྱོགས་ན། ཞྭ་དཀར་བསྟན་པའི་མཛེས་རྒྱན་དུ་འགྲོ་བར་ཐེ་ཚོམ་མེད།
ལྔ་པ། བདེར་གཤེགས་ཞེས་པའི་ཐ་སྙད་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཐ་སྙད་ཅིག་ཡིན་པ་ནི་གླེང་མ་དགོས།ཤོག་ངོས་༢༩༡ལས་གསལ།
ལེགས་སྦྱར་གྱི་ཚིག་སུ་ག་ཏ་ཞེས་པ་བདེར་གཤེགས་སུ་བསྒྱུར་ཡོད། བདེར་གཤེགས་ཞེས་པ་བོན་རང་གི་ཚིག་ཡིན་ན་ཞང་སྐད་དུ་ཡོད་དགོས་ལ། ད་བར་ཞང་སྐད་ཀྱི་བརྡ་དང་དག་ཡིག་རྣམས་སུ་འདི་མ་མཐོང༌། འོན་ཀྱང༌། དཔྱད་དགོས་པ་ཞིག་ལ་བན་དེའི་མདོ་རྣམས་སུ་དེ་བཞིན་གཤེགས་པ་ལ་ཏ་ཐཱ་ག་ཏ་ཞེས་པ་རྣམ་ཀུན་བདེར་གཤེགས་ལས་ལན་མང་བར་བྱུང༌།
ཡ་མཚན་པ་ཞིག་ནི“ཏ་ཐཱ་ག་ཏ”ཞེས་པ་འདི་ཞང་སྐད་ཀྱི་ཚིག་ཡིན་ཚུལ་ཞུ་ཉི་མ་གྲགས་པས་མཛད་པའི༼སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ༽རུ་བྱུང༌། དེར་བརྟེན༼སྒྲ་སྡེབ༽འདིའི་ནང་ལེགས་སྦྱར་གྱི་ཚིག་མི་ཉུང་བ་ཞིག་ཞང་སྐད་ཀྱི་ཚུལ་དུ་བྲིས་ཡོད་པར་དེང་སང་སྐད་རིག་པའི་མཁས་པ་རྣམས་ཀྱིས་འདིའི་སྐོར་དཔྱད་པ་བྱེད་བཞིན་ཡོད།
དྲུག་པ། འོ་ན་བོད་ལ་ཆོས་ལུགས་གྲུབ་མཐའ་ཡོངས་རྫོགས་གཅིག་ཏུ་བསྡུས་པའི་ཆོས་ལུགས་ཤིག་ཡོད་དམ་ཞེ་ན། ཡོད་དེ། དེ་ནི་བོན་པོའི་ཆོས་ལུགས་ཡིན། ཤོག་ངོས་༢༦༡ལས་གསལ།
བོན་གྱི་གྲུབ་མཐའི་ནང་ཆེས་གདོད་མ་ཉིད་ནས་དུས་རབས་བཅུ་བཞིའི་བར་བོད་དུ་བྱུང་བའི་ལྟ་སྤྱོད་ཡང་དག་ཚང་མ་ཞལ་དུ་བཞེས་ནས་དེ་རྣམས་ཐེག་པ་རིམ་པ་དགུ་རུ་ཕྱེས་ཏེ་གསུངས་ཡོད་པ་ནི་བོན་གྱི་གྲུབ་མཐའི་ཐུན་མོང་མ་ཡིན་པའི་ཁྱད་བོན་ཞིག་ཡིན་པ་འཛམ་གླིང་ཐོག་བོད་རིག་པའི་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ངོས་ལེན་བྱས་ཡོད་པ་འདི་རྒྱ་གར་སྨན་རིའི་གྲྭ་པ་འགའ་ཤས་མ་གཏོགས་གཞན་དག་ཤེས་ལྡན་རྣམས་ཀྱིས་རྟོགས་ཡོད་པ་ཡོངས་གྲགས་ཡིན།
དེར་བརྟེན“གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་”ཞེས་པའི་དོན་ཡང་འདི་ལ་གཏུགས་པ་དང༌། དེ་ཉིད་བོད་ཀྱི་ཆོས་ལུགས་ཡོངས་རྫོགས་གཅིག་ཏུ་བསྡུས་པའི་བོད་ཀྱི་ཆོས་ལུགས་ཡང་དག་ཅིག་ཡིན་པར་བཤད་ན་དེར་མི་འཐད་པའི་རིག་པའི་སྒྲུབ་བྱེད་གང་ཡང་འཇོག་རྒྱུ་མེད་སྙམ་མོ། །
བདུན་པ། གལ་ཏེ་དཔེ་ཆ་དེ་དངོས་གནས་སྐ་བ་དཔལ་བརྩེགས་ཀྱིས་བརྩམས་པའི་དབང་དུ་བཏང་ན། བོན་གྱི་ཐེག་པ་རིམ་དགུ་ནི་རྙིང་མ་པར་ལད་མོ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ར་འཕྲོད་ཐུབ། ཤོག་ངོས་༢༤༨ལས་གསལ།
འདིར་དབྱིན་སྐད་ནས་བོད་སྐད་དུ་འགྱུར་ཁྱད་ཀྱིས་གསལ་ཁ་ཞིག་བྱུང་མེད་པ་བདེན། དོན་ཡང་སྙིང་ནི་སྐ་བ་དཔལ་བརྩེགས་ནི་བན་དེའི་ལོ་རྒྱུས་ཐོག“སྐ་ལྕོག་ཞང་གསུམ་”ཞེས་པའི་གྲས་ནས་ལོ་ཙཱ་པ་སྐ་བ་དཔལ་བརྩེགས་ཞེས་པ་དུས་རབས་བརྒྱད་པའི་མཇུག་ཏུ་ཕེབས་པ་དེ་ཉིད་ཡིན། བན་དེའི་བསྟན་འགྱུར་ཁྲོད་དུ་ལོ་ཙཱ་པ་དེའི་མིང་ཐོག་ཏུ་འཁོད་པའི་བསྟན་བཅོས་༼ལྟ་བའི་རིམ་པ་བཤད་པ་༽ཞེས་ཡོད་པའི་ནང་“ཐེག་པ་རིམ་དགུ”ཞེས་ཚིག་དངོས་སུ་མ་སྨོས་པར་ལྟ་བའི་དབྱེ་བ་དགུ་རུ་ཕྱེས་ནས་གསུངས་ཡོད། ལྟ་བ་དེ་དག་རྙིང་མའི་གྲུབ་མཐར་ཡོད་པ་དང་ཆ་འདྲ། འོན་ཀྱང༌། ༼བུ་སྟོན་ཆོས་འབྱུང་༽དུ་འདི་ལ་དཔྱད་ཅེས་མཆན་བཀོད་ནས་བསྟན་བཅོས་དེ་ཉིད་ལོ་ཙཱ་པ་དེས་བྲིས་པ་ཡིན་མིན་གྱི་དོགས་སློང་མཛད། དོགས་པ་དེའི་རྒྱུ་རྐྱེན་ནི་ལྟ་བ་རིམ་པ་དགུ་རུ་ཕྱེ་ནས་བཤད་པའི་སྲོལ་ནི་རྙིང་མ་པ་མ་གཏོགས་བོད་ཀྱི་བན་དེའི་གྲུབ་མཐའ་གཞན་རྣམས་ཀྱིས་བཤད་སྲོལ་དེ་ཁས་མི་ལེན་པ་ལ་ཐུག་ཡོད། དེའི་རྒྱུ་མཚན་ནི་རྙིང་མའི་ཐེག་དགུའི་བཤད་ཚུལ་དེ་བོན་ལ་ཁུངས་གཏུགས་ཡོད་པས་ཡིན།
བསྟན་བཅོས་དེ་ཉིད་ལོ་ཙཱ་པ་དེས་བྲིས་པ་བདེན་ན་ལོ་ཚིགས་ཀྱི་ཐོག་ནས་ཐེག་དགུའི་བཤད་སྲོལ་དེ་དུས་རབས་བརྒྱད་པར་བྱུང་བར་འདོད་དགོས་ལ། འོན་ཀྱང༌། བོན་གྱི་བཀའ་བརྟེན༼བྱང་སེམས་གབ་པའི་འགྲེལ་བཞི་རིག་པའི་རྒྱ་མཚོ༽ཞེས་པ་ལྟ་བུར་ཐེག་དགུའི་རྣམ་བཞག་རྒྱས་པར་གསུངས་ཡོད་ཀྱང༌། བཀའ་བརྟེན་དེ་ཉིད་དུས་རབས་བརྒྱད་པར་ཡོད་པའི་གཏན་ཚིགས་གཏན་འཁེལ་བ་ཞིག་ད་དུང་མ་རྙེད་པས་འདི་མུ་མཐུད་ནས་དཔྱད་དགོས།
བརྒྱད་པ། ཕྱིས་སུ་བྱུང་བའི་བོན་པོའི་སྲོལ་རྒྱུན་ནང་དུ་ནམ་མཁའ་སྟོང་ལྡན་ཕྱོད་སུམ་རྗེ་ནི་སངས་རྒྱས་ཆོས་ལུགས་ནང་དུ་ཆོས་སྐུ་ཞེས་པ་ཡོད་པ་ལྟར་བོན་ལུགས་སུ་བོན་སྐུའི་རྣམ་པར་འཕོ་འགྱུར་ཕྱིན་ཡོད་ལ། ཤོག་ངོས་༢༨༦ལས་གསལ།
འདིར་དབྱིན་སྐད་དུ་Correspondཡོད་པ་འཕོ་འགྱུར་ཞེས་པར་བསྒྱུར་པ་ཅུང་ཟད་མ་དག་པ་ལྟ་བུར་བྱུང་འདུག དབྱིན་ཚིག་དེའི་དོན་ནི“འདྲ་མཚུངས་”ཞེས་པ་ལྟ་བུ་ཡིན། འོན་ཀྱང༌། ཕྲན་གྱི་དེབ་ནི་རྒྱ་སྐད་དང༌། ཧྥ་རན་སིའི་སྐད་སོགས་སྐད་ཡིག་ཅི་རིགས་ལ་བསྒྱུར་ཡོད་པ་དེ་དག་རེ་རེ་ལ་ཞུ་དག་བྱེད་ལོང་བྱུང་མེད། དེར་བརྟེན་དཔྱད་པ་མ་བྱས་པར་དཔར་བསྐྲུན་བྱས་ཞེས་པའི་ཚིག་ཚོགས་ནི་ཉམས་མྱོང་མེད་པའི་བྱིས་པའི་གླེན་གཏམ་དུ་ཟད།
དགུ་པ། བོན་ནང་མཆིས་པའི་ཕུར་པའི་ལྷ་བསྟེན་གྱི་ནང་དོན་རྣམས་ནི་ཡོངས་སུ་སངས་རྒྱས་ཆོས་ལུགས་ལས་གཡར་ཡོད་པའི་དོན་དངོས་ལས་ར་འཕྲོད་ཐུབ་བོ། །ཤོག་ངོས་༢༩༩ལས་གསལ།
འདིར་བརྗོད་དོན་སྔ་ཕྱི་གཞིར་བཟུང་གི་ཁྱད་ནས་འབྲེལ་མེད་དུ་དྲངས་པ་འདྲ་མོད། དངོས་དོན་ནི་ཕྱི་རྒྱལ་བ་ཁ་ཤས་ཀྱིས་བྲིས་པའི་བོད་ཀྱི་སྐོར་ཕལ་ཆེར་བོན་པོ་རྣམས་གཞན་ལ་མཐུ་བྱད་གཏོང་བར་དགའ་ཞེན་ཡོད་པའི་རྣམ་པ་ཀུན་ཏུ་བསྟན་ཡོད་པར་དགག་ལན་གྱི་ཚུལ་དུ་བྲིས་པ་ཡིན། འོན་ཀྱང་རྩ་བའི་ཆ་ནས་ལོ་ཚིགས་བསྒྲིགས་ན། ༼ཏུན་ཧོང་ཡིག་རྙིང་༽དུ་སློབ་དཔོན་པད་མས༼ཕུར་པའི་སྒྲུབ་སྐོར༽བསྣམས་ཏེ། བལ་ཡུལ་ཡང་ལེ་ཤོད་དུ་ཕེབས་ནས་ཕུར་པ་བསྒྲུབས་པ་དང༌། དེ་ནས་བོད་དུ་ཕེབས་ནས་དེ་སྤེལ་བ་སོགས་རོབ་ཙམ་བྲིས་ཡོད། དེར་བརྟེན༼ཕུར་པའི་སྒྲུབ་ཐབས༽དེ་ཆོས་རྙིང་པ་ཡིན་པ་ཕྱི་རྒྱལ་བ་རྙིང་མའི་སྐོར་ཞིབ་འཇུག་གནང་མཁན་ཚོར་ཡོངས་གྲགས་ཡིན། ༼བོན་པོའི་ཕུར་པའི་སྒྲུབ་སྐོར༽ནི༼མཁན་ཆེན་ཉི་མའི་བསྟན་རྩིས༽ལྟར་ན་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་ཕྱི་ལོ་༡༠༣༨ལོར་གཞི་ནས་གཏེར་ནས་བཏོན་པར་གྲགས་ལ། དེར་བརྟེན་ལོ་ཚིགས་ཐོག་ནས་དཔྱད་པ་གཞིར་བྱས་པ་ཡིན།༼ཏུན་ཧོང་ཡིག་རྙིང་༽རྣམས་ནི་ཕལ་ཆེར་དུས་རབས་བརྒྱད་པ་དང་དགུ་པའི་ནང་དུ་བྲིས་པ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད་དོ།། །།
མང་ཐོས་ཅན་གྱི་ཞལ་གདམས་མྱོང་རེ་ནས། །བགྲོ་གླེང་ཆེད་དུ་མང་ཚོགས་མདུན་སར་ཕྱིན།།
གྲུབ་མཐའི་ཞེན་གྱིས་བརླམས་པའི་ཚིག་གོག་བཅས། །སྨག་རུམ་འཐིབས་སར་མདའ་རྩལ་འགྲན་བཞིན་གྱུར། །
འཛམ་གླིང་ཀུན་ཏུ་དྲ་རྒྱས་ཁེངས་དུས་འདིར། །ཞིབ་ཅིང་ཕྲ་བའི་དོན་ལ་དཔྱད་པ་ལ། །
ཚན་རིག་བློ་ཡི་འོད་སྣང་སྒྲིབ་མི་རུང༌། །དེ་ཉིད་ཁྱད་གསོད་རྗེས་ལུས་ངོ་བོར་གྱུར། །
རྣམ་དཀར་དགེ་དོན་སྒྲུབ་ལ་འབད་པའི་ཚེ། །ཀུན་སློང་ཡང་དག་དགོས་པར་རྒྱལ་བས་གསུངས། །
ཚུལ་གོས་མནབས་ཏེ་དགོན་གྲྭར་འཇུག་དུས་སུ། །ཀུན་སློང་དེ་ཉིད་དེ་བས་གཅེས་པར་འཚལ། །
༼བོན་སྒོ༽སྤྱི་དེབ་ཉེར་གཅིག་པ་ལས་བཤུས།