ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> ༣༽དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡང་ཟུག་རྔུ་སེལ་བའི་བདུད་རྩི།
༣༽དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡང་ཟུག་རྔུ་སེལ་བའི་བདུད་རྩི།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

       ཡང་བོད་ཀྱི་ཡི་གེ་དང་པོ་སངས་རྒྱས་ཀྱིས་མཛད་ཅེས་པ་རྣམས་ལ་ཐུགས་མི་དགྱེས་པ་ཁག་མེད་དེ། རྩ་བའི་གནད་འགག་ཅིག་ན་མི་འགྲིགས་པས་ཡིན་ཡང་། འདི་བོན་རང་ལུགས་ཁོ་ན་ལྟར་ཞུ་ན། ཀུན་མཁྱེན་ཆེན་པོའི་ལེགས་བཤད་མཛོད་འདི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་བསྟན་འབྱུང་། སྤ་སྟོན་བསྟན་རྒྱལ་བཟང་པོའི་བསྟན་འབྱུང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་བསྟན་འབྱུང་། རྒྱལ་དབང་ཀུན་གྲོལ་གྲགས་པའི་བསྟན་འབྱུང་། མཁན་ཆེན་ཉི་མའི་བསྟན་རྕིས་སོགས་ལ་བསྟུན་ཞིང་ཁྱད་པར་ཏུ་ཁྱུང་པོའི་བསྟན་འབྱུང་དང་། མཁན་ཆེན་ཉི་མ་སོགས་རྒྱལ་བ་སྨན་རི་བའི་རིང་ལུགས་ཁོ་ན་འཛིན་པ་རྣམས་ལ་ཁུངས་བཅོལ་བ་དང་། སྟོན་པའི་གསུངས་མདོ་མཛོད་སོགས་རྒྱབ་བརྟེན་གྱི་གཙོ་བོར་བཟུང་ཡོད་པ་ནི་མཇལ་བ་ཙམ་གྱིས་ཤེས་ནུས་པས་བོན་སྨྲ་བ་རྣམས་ཀྱིས་ཚད་མར་འཛིན་ནོ། །ཡང་ཡི་གེ་སུམ་ཅུས་བོན་གྱི་ཁོག་དབུབ་པ། ཞེས་སོགས་མདོ་ལུང་དྲངས་པའི་དོན་ནི་ཡིག་མགོའམ་དབུ་ཁྲིད་ཀྱིས་ལམ་མམ་སྣ་དྲངས་པ་དང་། ཚེག་གིས་ཡིག་འབྲུ་མི་འཁྲུགས་པར་མཚམས་ཕྱེ་བ། དབྱངས་བཞི་མགོ་འདོགས་དང་བཅས་པ་ཡན་ལག་གི་ཚུལ་བཏགས་པ་སོགས་ཀྱི་དོན་ནི། ཞང་བོད་གང་གི་ཡི་གེར་སྦྱར་རུང་སྟེ། ཞང་ཞུང་གི་ཡིག་རྒན་ནམ་ཡིག་ཆེན། སྨྲར་སྦྲག སྨར་ཆེན། སྨར་ཆུང་། གཟབ་གཤར། འབྲུ་མ་སོགས་ཡིག་གཟུགས་དེ་དག་གང་ལའང་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་སོགས་མང་ཉུང་མེད་པ་ནི། ཞང་སྐད་བོད་ཡིག་གིས་བྲི་རུང་ལ་བོད་སྐད་ཞང་ཡིག་གིས་བྲི་ཡང་བཏུབ་པ་ནི། བོན་གྱི་དཔེ་གསར་རྙིང་དང་ལྷ་ཁང་གསར་རྙིང་སོགས་གང་དུ་བྲིས་ཡོད་ཚད་ལ་གཟིགས་ན་བློ་གཟུ་བོར་གནས་པས་ཞིབ་འཇུག་ཡང་དག་པར་བྱས་ཆོག
       ཡང་ཐོག་མེད་ན་རེ། ལེགས་བཤད་མཛོད་ལ་ཞིབ་བལྟ་བྱས་ན་ཚིག་དེ་གཞི་ནས་བོན་པོ་རྣམས་ཀྱིས་རང་གི་ཡབ་མེས་ལ་སྨ་ཕབ་པར་མ་ཤེས་པའོ། །ཞེས་པའི་དོན་མ་བསྒྲིགས་རང་འགྲིག་ཏུ་ཡོད་དེ། བོད་ཡིག་བཟོ་མཁན་དང་སྤེལ་མཁན་གྱི་ཁྲོད་ན་བོད་པ་གཅིག་ཀྱང་མེད་པ་འདིའི་རང་གཞུང་གི་ཁས་ལེན་ཡིན་པས་སོ། །ཞེས་པར། ལན། བོད་རང་གི་མེས་པོ་རྣམས་ལ་སྨ་འབེབས་སྐུར་འདེབས་བྱེད་པ་དང་། སྒྲོ་བཏགས་མིན་པར་བསྔགས་བརྗོད་བྱེད་པ་གཉིས་ཀྱི་ཁྱད་པར་ནི་ད་ལྟ་གཞོན་ནུ་རྣམས་ཀྱིས་གསལ་བོར་ཤན་འབྱེད་དགོས་ན་སླ་སྟེ། སྲོང་བཙན་ཡན་གྱི་རྒྱལ་རབས་སུམ་ཅུ་རྩ་གཉིས་པོ་བོད་རྒྱལ་ཡིན་ཡང་ཡི་གེ་མེད་པས་བོད་ཡུལ་མུན་པའི་གླིང་ཡིན་ལ་རྒྱལ་པོ་རྣམས་མུན་གླིང་གི་རྒྱལ་པོ་རེད་ཅེས་བཤད་ན། བསྔགས་བརྗོད་རེད་དམ་སྨ་ཕབ་པ་རེད། བོད་རྒྱལ་གཉའ་ཁྲིའི་སྐབས་ནས་བཟུང་ཡི་གེ་ཡོད་པར་མ་ཟད། ཡོན་ཏན་པའམ་ཤེས་པ་ཅན་བཅུ་གཉིས་ཀྱིས་བོད་ཀྱི་རྗེ་བོར་མངའ་གསོལ་ནས་གཉའ་ཁྲི་བཙན་པོ་ཞེས་མཚན་གསོལ་བ་དང་གཉའ་ཁྲི་དང་སྲས་མུ་ཁྲིས་སྣང་མདོག་བླ་མར་བསྟེན་ཏེ། རིན་ཆེན་སྤྱི་སྤུངས་ཀྱི་བོན་ཉམས་སུ་བླངས་ནས་ལྷ་དང་ཉམས་ལེན་གྱི་མཐུས། ཕུང་པོ་ལྷག་མེད་དུ་སངས་རྒྱས་ཚུལ་བཤད་པ་རྣམས་སྒྲོ་བཏགས་མིན་པའི་བསྔགས་བརྗོད་རེད་དམ་མ་རེད། གཉའ་ཁྲིའི་དུས་ནས་བཟུང་སངས་རྒྱས་པའི་གང་ཟག་ཡོད་ན་ནང་པའི་བསྟན་པ་ཡིན་དགོས་ཕྱིར། སྲོང་བཙན་སྔོན་ལ་ནང་བསྟན་ཡོད་པ་སྨྲ་མ་འདོད་པར་ཁུངས་འགེབས་ཐབས་ཅི་ནུས་གང་ནུས་ཀྱིས་བསྒྲིགས་ཀྱང་། ཡི་གེ་མེད་ན་རྒྱལ་རབས་དེ་དག་གི་མཚན་དང་ལོ་ཚིགས་སོགས་ལོ་རྒྱུས་རགས་ཙམ་ཡང་ཤེས་མི་ནུས་པ་ལྟ་ཅི། སྲོང་བཙན་ཚུན་ལའང་འཁྲུངས་ལོ་དང་འདས་ལོ་སོགས་མི་མཐུན་པའི་རྙོག་དྲ་ཅི་ཡོད་ཤེས་པ་ལྟར་རོ། །དེས་ན་ད་ལྟ་གཞོན་ནུ་རྣམས་དཔྱད་ཤེས་པ་དང་བཤད་ཕོད་པར་གྱིས་དང་། བོད་ཡིག་བཟོ་སྤེལ་བྱེད་མཁན་གྱི་ཁྲོད་ན་བོད་པ་མེད་པར་གཞུང་འདིའི་ནང་དུ་ཅི་ལྟར་ཁས་བླངས་ཡོད། སྟོན་པ་གཤེན་རབ་ཀྱི་སྐབས་ཡིག་རིགས་མི་འདྲ་བ་མང་དུ་ཡོད་པའི་ཁྲོད་ན་བོད་ཀྱི་ཡི་གེ་ཡོད་ཚུལ་མདོ་ལུང་དྲངས་པ་དང་། སྟོན་པའི་སྲས་རྒྱལ་སྲས་གཡུང་དྲུང་དབང་ལྡན་གྱི་སྲས་གསུམ་པ་འབྲུག་གི་རྒྱལ་པོའི་གདུང་རྒྱུད་ལས། བོད་ཡུལ་གཙང་གི་དམུ་གཤེན་གདུང་རབས་བྱུང་ཚུལ་དང་། སྐུ་སྲས་དེ་བཀའ་བསྡུ་བཅུ་གསུམ་གྱི་ནང་ཚན་ཡིན་པ་དང་། ཁྱད་པར་བསྟན་པ་གཉེར་གཏད་ཀྱི་མདོ་དྲངས་པར་རྒྱལ་སྲས་ཀོང་ཚ་དབང་ལྡན་ཁྱོད། ཅེས་པ་ནས། ཕྱི་རབས་སྟོན་པ་མ་བྱོན་བར། །མི་རྗེ་སྲིད་པའི་གདུང་རྒྱུད་སྤེལ། །རྒྱལ་རིགས་དམུ་ཡི་རྒྱལ་ས་ཟུངས། །ཞེས་སོགས་གསུངས་ཡོད་པ་དང་། སྟོན་པའི་སྲས་གདུང་སོབ་མུ་ཆོའི་སློབ་མ་འཛམ་གླིང་མཁས་པ་རྒྱན་དྲུག་བྱུང་ཚུལ། དེ་དག་གི་སློབ་མ་ལོ་ཙཱ་བ་ཆེན་པོ་བཞི་བྱུང་ཚུལ་སོགས་གསལ་བར་བཤད་པ་འདིས། བོད་ཡིག་བཟོ་སྤེལ་བྱས་ཚུལ་མི་ཤེས་སམ། འོན་ཀྱང་། ཡི་གེ་བཟོ་སྤེལ་བྱེད་མཁན་མི་རིགས་རང་རང་ཁོ་ན་མིན་ཡང་སྐྱོན་མེད་དེ། སོག་ཡིག་བཟོ་མཁན་སོག་རིགས་མིན་ཡང་སོག་པོའི་བྱས་རྗེས་མིན་པ་སུ་ཡིས་བཤད་ནུས། ས་སྐྱ་གདན་འདྲེན་པ་པོའི་ཕྱག་རྗེས་ཡིན་པ་བཞིན་ནོ། །དཔེར་ན། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་དང་། བལ་བོའི་སྐུ་མི་བསྐྱོད་རྡོ་རྗེ་དང་བྱམས་པ་ཆོས་འཁོར་སོགས་ཀྱང་བཟོ་མཁན་བོད་པ་མིན་ཡང་བོད་པའི་ཕྱག་རྗེས་ཏེ་སྲོང་བཙན་གྱི་བཀའ་དྲིན་ཡིན་ནོ། །
       ཡང་ཐོག་མེད་ཀྱིས། སློབ་དཔོན་པདྨས། ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས་ཞེས་པ་ལ་འགྲེལ་མེད་ཀྱང་། གོ་བ་ལེན་ཚུལ་གྱི་རྣམ་འགྱུར་དང་ཚིག་དེས་ཐོན་མི་ལ་རྒྱལ་ཁ་བྱིན་ཟེར་ཚུལ་གྱིས་ཧ་མ་གོ་བ་མངོན་ཏེ། འདི་ཁྱུང་པོའི་བསྟན་འབྱུང་ན། ཀ་ཁ་སུམ་ཅུ་བོན་ལ་དཔེར་བླངས་ནས། ཞེས་བྲིས་ཡོད་ཀྱང་སྔ་མ་ལྟར་ན་ཡང་། ཀ་ཁ་སུམ་ཅུ་བོད་ན་ཡོད་པ་དེ་དཔེར་བླངས་ནས་ཡིག་གཟུགས་བཟོ་ཇེ་ལེགས་སུ་བཏང་བར་གོ་དགོས་པ་ལས། བོད་ན་ཀ་ཁ་སུམ་ཅུ་མེད་ན་དཔེ་ཅི་ལྟར་ལེན། ཀ་ཁ་སུམ་ཅུའི་ཡིག་གཟུགས་གསར་དུ་བཟོས་པ་ཡིན་ན་བོད་ཀྱི་ཀ་ཁ་སུམ་ཅུ་ལ་དཔེ་བླངས་ཟེར་མི་འོས་ཏེ། དཔེར་ལེན་པའི་ཀ་ཁ་སུམ་ཅུ་ཡོད་ན་གསར་དུ་ཀ་ཁ་སུམ་ཅུ་བཟོས་པས་ཅི་ཕན། རི་བོང་རྭ་མེད་ན་རི་བོང་རྭའི་གཟུགས་ཇི་ལྟར་བྲི། ཡོད་ན་གཟུགས་བྲི་དོན་མེད་དེ་མཐོང་ཆོག་གོ །བོད་ན་གསལ་བྱེད་སུམ་ཅུ་ཡོད་པ་སློབ་དཔོན་པདྨས་ཞལ་བཞེས་གནང་ན་ལོག་རྟོག་གཞན་སྐྱེ་མི་དགོས་སོ། །མཚོ་སྔོན་ཕྱོགས་ཀྱི་མཁས་པ་ཚེ་ཏན་པས། སྲོང་བཙན་ཡན་ན་བོན་བསྟན་ཡོད་པའི་སྐབས་ཀྱི་ཡི་གེ་དེ་ཨ་ལ་པོའི(Arabia)ཡི་གེ་བཞིན་སྲིད་ཕྱོགས་སུ་བཀོལ་མི་རུང་བ་ཞིག་ཡིན་ནམ་སྙམ་ཞེས་བཤད་པ་ཞིག་མཐོང་མྱོང་སྟེ། མཁས་པའི་གསུངས་ལ་དངོས་ཤུགས་གང་རུང་ལས་གོ་རྒྱུ་ཡོད་སྟབས་སྲོང་བཙན་སྔོན་ལ་བོན་བསྟན་ཡོད་པ་དངོས་སུ་བསྟན། ཡི་གེ་ཡོད་པ་ཤུགས་ཀྱིས་གསུངས་ཤིང་རྩོམ་པའི་ཉམས་ཀྱིས་རང་སྡེ་བན་དེ་རྣམས་ལའང་ངོ་འཛིན་ཅུང་ཟད་སྨོས་པ་རེད་དེ། རྫུན་སྨྲ་མ་འདོད་པ་ནི་མཁས་པའི་རྟགས་སོ། །ཁོང་གིས་ཀྱང་ལོ་རྒྱུས་བདེན་དོན་དུ་གཟིགས་ནས་ཡི་གེ་མེད་ཟེར་མ་ནུས། བན་དེའི་རང་ལུགས་ལ་འགལ་བས་ཡོད་ཟེར་མ་ཕོད་པའི་དབང་གིས་མ་གཏོགས། ཨ་ལ་པོའི་ཡི་གེར་མི་འདྲ་ཚུལ་ལོས་མཁྱེན། ཞང་བོད་ཀྱི་བོན་གཞུང་རྣམས་འདོན་ན་ཞང་བོད་རང་གི་སྐད་ཀྱིས་འདོན་པ་ལས། སྐད་རིགས་གཞན་མེད་པ་མངོན་གསལ་ཡིན་པས་བོད་སྐད་ཀྱིས་བོན་བཏོན་ཆོག་ན་བོད་ཡིག་ཡིན་པ་སྨོས་ཅི་དགོས། བོད་ལ་ཡི་གེ་ཡོད་ཀྱང་བོད་ཡིག་མིན་ཟེར་ན། རྒྱ་ནག་གི་ཡི་གེ་རྒྱ་ཡིག་མིན་པ་དང་རྒྱ་གར་གྱི་ལཉྫ་རྒྱ་གར་ཡི་གེ་མིན་ཟེར་བ་ལྟ་བུའོ། །རྒྱ་གར་གྱི་ལན་ཝར་སྲིད་ཕྱོགས་སུ་བཀོལ་མི་རུང་བ་ཡོད་དམ་སྨོས་ཤིག འོན་ཀྱང་། ཐོན་མིས་ཡིག་གཟུགས་ཇེ་ལེགས་སུ་བཟོས་ཤིང་བརྡ་དག་ཅིང་བཀོལ་བདེ་བར་བཏང་བ་སོགས་ཐོན་མི་དྲིན་མི་ཆེ་བ་ག་ལ་ཡིན་ཏེ་སྐུར་འདེབས་ཤིན་ཏུ་མི་རུང་ངོ་། །འདི་ལ་ཕྱོགས་ལྷུང་ཅན་གྱི་བོན་པོ་རྣམས་ནས་རང་གི་འདོད་དབང་གིས་ཁས་མ་བླངས་པར་སྨྲ་བ་མང་སྟེ། བན་དེ་བཤད་ལུགས་ལྟར་ན། སྲོང་བཙན་ནི་བོད་ཀྱི་ཨརྱ་པ་ལོ་ཞེས་སྤྱན་རས་གཟིགས་ཡིན་པ་དང་དབུ་གཉིས་ཡོད་ཚུལ། དབུ་སྟེང་མ་འོད་དཔག་མེད་ཡིན་པ་དང་། ཡང་སྤྱན་རས་གཟིགས་ཀྱིས་ཡི་གེ་མི་ཤེས་པ་དང་། ཐོན་མི་དགེ་རྒན་བྱས་ནས་ཡི་གེ་བསླབ་ཚུལ་དང་ཐོན་མིས་ཡི་གེ་གསར་བཟོ་བྱས་ཚུལ། ཅ་ཆ་ཇ་ཞ་ཟ་འ་དྲུག་པོའི་ཡི་གེ་བཟོ་མ་ཐུབ་པར་རྨི་ལམ་ལས་རྙེད་ཚུལ། དེ་ནས་དུས་ཐུང་ངུའི་ནང་དུ་ཡི་གེ་བཟོས་གྲུབ་ནས་རྒྱལ་པོ་ལ་ཡིག་ཕུད་ཕུལ་ཚུལ། ཡི་གེ་བཟོས་མ་ཐག་པའི་རྩོམ་ལ། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །ཞེས་སོགས་བརྡ་རྙིང་ཅི་ཡང་མེད་ཚུལ། དེ་ནས་ཡུན་རིང་ན་བརྡ་རྙིང་མང་ཚུལ། སྐད་གསར་བཅད་བགྱིས་ཚུལ། རྒྱལ་པོ་སྤྱན་རས་གཟིགས་ཀྱིས་སྤྲུལ་བའི་མི་ལ་ཆད་པ་བཅད་ཚུལ་གོང་བཤད་ལྟར་དང་སྲོང་བཙན་འདས་སྐབས། སྤྱན་རས་གཟིགས་རྒྱལ་པོ་དང་སྒྲོལ་མ་བཙུན་མོ་གཉིས་ཏེ་དེ་གསུམ་པོ། བཅུ་གཅིག་ཞལ་སྐུ་འབག་གི་ཐུགས་ཀ་དང་ནུ་མ་གཡས་གཡོན་གཉིས་ལ་སོ་སོར་ཐིམ་ཚུལ། དེ་ནས་འབངས་རྣམས་ཀྱིས་སྐུ་འབག་ལ་བལྟས་ནས་སྨྲེ་ངག་བཏོན་པས་ཐུགས་ཀ་དང་ནུ་མ་གཡས་གཡོན་ནས་མགོ་ཕྱིར་བུད་དེ་ཞལ་ཏ་གནང་ཚུལ་ཡོད། ཡང་རྒྱལ་དབང་ལྔ་བ་ཆེན་མོས། བྲན་མོ་ཞིག་རིམས་ནད་ཀྱིས་བཏབ་པ་བལ་བཟའ་ལ་འགོས། དེ་ལས་སྤྱན་རས་གཟིགས་དང་རྒྱ་མོ་ཀོང་ཇོ་ལ་མཆེད་དེ་ཡབ་ཡུམ་གསུམ་ཀ་འཕན་ཡུལ་ཟལ་མོའི་སྒང་དུ་གཤེགས་པའི་པུར་ཡང་། ཡར་ཀླུང་འཕྱོང་རྒྱས་སུ་སྤྱན་དྲངས་ཏེ་བང་སོ་བརྩིགས་ཚུལ་སོགས་བཤད་པ་ཡོད་ལ། འདི་རྒྱལ་དབང་ལྔ་བས་སྐུར་བ་བཏབ་པ་ག་ལ་ཡིན་ཏེ་དཔྱིད་གླུ་ལས་གསུངས་པ་ཇི་བཞིན་པ་དང་། ཡང་ཀོང་ཇོ་སྒྲོལ་མ་ཡིན་ཚུལ། ལམ་ཁར་འགར་བློན་པོས་འཁྲིག་པ་སྤྱད་ནས་སྲས་འཁྲུངས་ཚུལ་དང་། བལ་ཟ་ཁྲོ་གཉེར་ཅན་མའི་སྤྲུལ་བ་དང་། ཀོང་ཇོ་ལ་ཕྲག་དོག་བྱས་ཚུལ་སོགས་མང་དུ་ཡོད་པ་དང་། ཡང་རྗེ་བཙུན་འཇམ་དབྱངས་རི་བོ་རྩེ་ལྔར་འཁྲུངས་ཚུལ་དང་། འཕགས་པ་སྤྱན་རས་གཟིགས་བོད་རྒྱལ་དུ་འཁྲུངས་ཚུལ་དང་གཤེགས་ཚུལ་སོགས་མི་འདྲ་བའི་ཁྱད་པར་ནི་མངལ་རྫུས་ཀྱི་ཁྱད་ཙམ་མ་གཏོགས་གཞན་མེད་དེ་ཉེ་སྲས་ཡིན་པ་འདྲ་བའི་ཕྱིར་རོ། །དེ་ལྟར་ཕྱོགས་ཞེན་གྱིས་སྨྲ་བ་ཆེས་མི་ལེགས་ཏེ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཡིན་ཕྱིར། འགལ་བ་ཅི་ཡང་མེད་ལ། འོན་ཀྱང་དངོས་གཙོའི་བལྟ་ཚུལ་གྱིས་ཞིབ་འཇུག་བྱེད་གཞི་མང་དུ་སྣང་ངོ་། །
       ཡང་ཐོག་མེད་ན་རེ། ཆོས་ཕྱོགས་ནས་བལྟས་ན་སངས་རྒྱས་ཤཱཀྱ་ཐུབ་པ་ནས་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། བོད་ལ་མཚོན་ན་མཁན་སློབ་ཆོས་གསུམ། སད་མི་བདུན་ཞེས་པ་ནས་རིམ་བཞིན་སྨོས་མཐར། ཆབ་སྲིད་ཀྱི་འགྱུར་ལྡོག་སོགས་བོད་ཡུལ་དུ་གང་བྱུང་ཐམས་ཅད་སྟོན་པ་གཤེན་རབ་ཀྱིས་མིང་གིས་སྨོས་ཏེ་ལུང་མ་བསྟན་པ་གཅིག་ཀྱང་མི་སྲིད་དོ། །ཞེས་སྨྲ་རུང་སྟེ། ལེགས་བཤད་མཛོད་ཀྱི་སྨད་ཕྱོགས་ལ་ལྟོས་པས་ཀྱང་གསལ། ཞེས་པར། ལན། འོ་ན་ཐུབ་པས་ཀྱང་། སྤྱིར་འཇིག་རྟེན་མཐའ་དག་དང་སྒོས་རྒྱ་གར་དང་བོད་ཡུལ་གྱི་འབྱུང་འགྱུར་ཐམས་ཅད་གཅིག་ཀྱང་མ་ལུས་པར་མིང་གིས་སྨོས་ཏེ་ལུང་བསྟན་ན་ཧ་ཅང་ཆོག་ཀྱང་ལུང་མ་བསྟན་པ་ཤིན་ཏུ་མང་བས། དེ་ཅིའི་དོན་ཡིན་ཞེས་དྲིས་ན་ཅི་ཟེར་སྨོས་ཤིག མཛངས་བླུན་སོགས་སྔོན་གྱི་བྱུང་བ་དང་འབྱུང་འགྱུར་ལུང་དུ་བསྟན་པ་དུ་མ་ཞིག་ང་ཚོས་ཀྱང་མཐོང་མྱོང་ལ་སྟོན་པ་དང་ཐུབ་པ་ཕལ་ཆེར་མཚུངས་སྙམ་མོ། ཞེས་པ་ཙམ་ལས་བྲི་མི་དགོས།
      ཡང་བན་དེ་ཐོག་མེད་ཀྱིས། ང་ཚོས་ཀྱང་ཞིབ་འཇུག་གི་བྱ་བ་ལེགས་པོ་ཞིག་བྱེད་རྒྱུ་ལས་གོམ་པ་མཆོངས་ལྡིང་རྒྱག་ཉན་ས་ཞིག་གཏན་ནས་མ་རེད་ཨ། ཞེས་རྒན་པོའི་ཉམས་ཀྱིས་བསླབ་བྱར་གནངས་པ་དེ་ཤིན་ཏུ་བདེན་ནོ། །རྫས་ཀྱི་ཁ་དོག་ལ་མིག་ཡ་གཅིག་གིས་བལྟས་པ་ལས་མིག་གཉིས་ཀས་བལྟས་ན་གསལ་བ་བཞིན། ཞིབ་འཇུག་བྱེད་ན་ཕྱོགས་ཀུན་ཏུ་བལྟ་དགོས་པ་ལས་རང་གི་ཕྱོགས་བདེན་ཐག་ཆོད་དུ་བཞག་ནས་གཞན་ཕྱོགས་སུ་སྐྱོན་བཙལ་བ་ཁོ་ནར་བྱས་ཏེ། མིང་ཞིབ་འཇུག་དང་དོན་ཕྱོགས་ཞེན་གྱི་དབང་དུ་སོང་ན་མི་རིགས་དང་ཆོས་གྲུབ་ཕན་ཚུན་མི་མཐུན་པའི་གནོད་པ་འབྱུང་བ་ལས་ལོ་རྒྱུས་ལ་ཕན་པ་ཅི་ཡང་མི་འབྱུང་ངོ་། །དེའི་འཕྲོར། རང་མཉམ་གྱི་གཞོན་ནུ་རྣམས་པ། ཁྱོད་ཚོས་ངས་བྲིས་པའི་ཡི་གེ་འདི་ལ་གཟིགས་ཙམ་གྱིས་ཆོག་ཤེས་མི་གནང་བར། ལེགས་བཤད་མཛོད་དང་དེར་དྲངས་པའི་གཞུང་ཕལ་མོ་ཆེ་ལ་ལྟ་རྟོག་ཞིབ་ཏུ་མཁྱེན་ཞེས་གཞོན་ནུའི་རྟགས་མངོན་པར་བཤད་པ་དེ་དང་དུ་བླངས་ནས་ཁོ་བོས་ཀྱང་ལན་ཙམ་ཞིག་བསམ་པ་བཟང་པོས་ཞུས་པའོ། ༧ །ཙི་ནའི་འདོད་འཇོའི་བ་མོ་ཡི། །འོ་མ་ལི་ཁྲིའི་མདངས་འཛིན་ན། །སྒྱུ་མའི་མིག་འཕྲུལ་ཤེས་དགོས་པས། །གསེར་འགྱུར་རྩི་འདྲའི་གདམས་ངག་མཁོ། ༧ །སྒྱུ༷་མའི་རོལ་རྩེད་ཅི་འདྲ་ཡང་། །སྒྱུ༷་དང་གཡོ་སོགས་མི་མངའ་བར། །སྒྱུ༷་མ་རྨི་ལམ་ལྟར་ཤེས་ན། །སྒྱུ༷་འཕྲུལ་སྲས་ཀྱང་དེ་ཡིས་དགྱེས། །
      ཡང་ཐོག་མེད་རྩལ་ནས། ངས་བལྟས་ན་གྲོས་གཞི་བཞི་འདོན་དགོས་ཏེ། དང་པོ། བོད་དང་བོན་པོའི་རིགས་རུས་ཀྱི་ལོ་རྒྱུས། ཞེས་པ་ལ། ལན། བོད་ལ་བཤད་ཚུལ་མི་མཐུན་པ་མང་དུ་ཡོད་ཀྱང་། ཁོ་བོས་བལྟ་ཚུལ། གོང་དུ་བཤད་པའི་འཛམ་གླིང་ཁྲི་ཤེས་དཀར་པོའི་བྱིན་རླབས་ལས་སྲས་སྐུ་མཆེད་དྲུག་འཁྲུངས་པ་ལས། དམུ་ཤཱཀ་ཧོས་གསུམ། དཔོ་རྒྱ་གཉན་གསུམ་བཅས་ཀྱི་མི་རིགས་མཆེད་ཅེས་པ་དེ་བདེན་སྙམ་སྟེ། ཁྱད་པར་རྒྱ་བོད་ཀྱི་ཐོག་མ་སྤུན་ཡིན་པར་རིགས་པས་དཔྱད་ནའང་ཡིད་ཆེས་ཏེ། རང་རེ་ཀྲུང་གོའི་རྒྱ་བོད་གཉིས་ནི། སྐད་རིགས་དང་ཡིག་རིགས། ཆ་ལུགས་དང་གོམས་སྲོལ་ཙམ་མ་གཏོགས། ལུས་ཚད། བཞིན་རས་ཤ་མདངས་གང་ནས་བལྟས་ཀྱང་མི་མཚུངས་པ་མེད་པའི་ཕྱིར་རོ། །གལ་ཏེ་སྤྱན་རས་གཟིགས་སྤྲེའུ་དང་བྲག་སྲིན་མོའི་རྒྱུད་པ་ཡིན་ཟེར་བའི་ལུགས་ལ་དཔྱད་ན། སྤྲེའུའི་རིགས་རྒྱུད་དང་དེ་མ་ཡིན་པའི་རིགས་གཉིས་ལ་བལྟས་ནའང་ཁྱད་ཡོད་ཀྱི་རེད་སྙམ། དེའང་སྤྲེའུས་ལོ་ཏོག་དང་འབྲུ་རིགས་ཟོས་རྗེས་ལུས་ཀྱི་སྤུ་བྱི། མཇུག་མ་ཆད་ཅེས་ཟེར་ན་ད་ལྟའང་སྤྲེའུ་ལ་འབྲུ་རིགས་ཟར་བཅུག་ན་སྤུ་བྱི་བ་དང་རྔ་མ་ཆད་པར་ཨེ་འགྱུར་བལྟས་ཀྱང་ཆོག་སྙམ། ཡང་བོན་པོ་དང་བན་དེ་གཉིས་གྲུབ་མཐའི་ཁྱད་པར་འབྱེད་པ་མ་གཏོགས་རིགས་རུས་ལ་ཁྱད་པར་ཕྱེ་མི་ཤེས་སོ། །
       ཐོག་མེད་ཀྱིས་བཏོན་པའི་གྲོས་གཞི་གཉིས་པ། བོད་ཀྱི་མི་རིགས་བྱུང་ནས་ད་ལྟའི་བར་འགྱུར་ལྡོག་དང་ལོ་རྒྱུས་དབྱེ་མཚམས་ཞེས་པར་བོད་མི་རིགས་འགྱུར་ལྡོག་བྱུང་ཚུལ་ནི། མི་གྲངས་དང་རིག་གནས་དཔལ་འབྱོར་འཚོ་བ་གོམས་སྲོལ་བཅས་གོང་འཕེལ་གྱི་ངོས་ནས་འགྱུར་ལྡོག་བྱུང་བ་མང་ལ། ཡུལ་སྡེ་ས་ཆ་སོ་སོའི་རང་རང་གི་འབྱུང་ཁུངས་ལོ་རྒྱུས་མཐའ་ཡས་པ་ཡོད་པ་བསགས་དགོས་པ་ལས་ཡིག་ཐོག་གཅིག་ཏུ་བཤད་པ་དཀའ་བར་གྱུར་ཏེ། ཆོས་ཕྱོགས་ལ་མཚོན་ན་ཆོས་ལུགས་པའི་སྤུས་ཚད་ཇེ་ཞན་དུ་ཅི་ཙམ་སོང་བཞིན་ཆོས་ལུགས་ཉམས་གུད་དུ་གྱུར་བ་དེ་ཙམ་གྱིས་འགྱུར་ལྡོག་བྱུང་བ་ལས་གོང་འཕེལ་དུ་སོང་བ་མེད་སྙམ་མོ། །
      ཐོག་མེད་ཀྱི་གྲོས་གཞི་གསུམ་པ། བོན་ཆོས་དང་ནང་བསྟན་གྱི་དབྱེ་བ་དང་། བོད་དུ་བྱུང་བའི་བོན་ཆོས་ཀྱི་ལས་ཀ་བྱེད་སྟངས་ཞེས་པར་འདི་ཆོས་ལུགས་ཐད་ནས་བཤད་ན། དཔྱད་པ་གཏོང་རྒྱུ་གལ་ཆེ་བ་ཞིག་ཡིན་ཏེ། སྤྱིར་ང་ནང་བ་ཡིན། ཁྱོད་ཕྱི་བ་ཡིན་ཟེར་བས་མི་ཆོག་གི ཕྱི་ནང་གི་ཁྱད་པར་ནི། མཆོག་གསུམ་ཁས་ལེན་མི་ལེན་གྱིས་སྐྱབས་འགྲོ་ཡོད་མེད་དང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མིན། སྡོམ་པ་གསུམ་དང་མདོ་སྔགས་བཅས་ཏེ་ལྟ་སྒོམ་སྤྱོད་པ་འབྲས་བུ་སོགས་ལ་ཁྱད་པར་ཡོད་མེད་ཞིབ་ཏུ་བལྟ་དགོས་ན་བན་བོན་གྱི་གཞུང་ཆེན་མོ་རྣམས་དང་ཕྱི་རོལ་བའི་གཞུང་བཅས་ཏེ་བསྡུར་དགོས་པ་ལས་གང་ཟག་གི་འདོད་དབང་གིས་འཇོག་རྒྱུ་ཞིག་མ་ཡིན་ནོ། །བོན་རང་ལུགས་འཛིན་པ་ཞིག་ཡིན་ན་ཐོག་མར་སྐྱབས་འགྲོའི་སྡོམ་པ་བླངས་ནས་བོན་གྱི་གྲུབ་མཐར་ཞུགས་དགོས། དེ་ནས་སྔོན་འགྲོ་བསགས་སྦྱང་གི་རིམ་པ་འབུམ་དགུ་སོགས་མ་གྲུབ་ན་དངོས་གཞི་ཉམས་ལེན་བྱེད་མི་རུང་བས་སྔོན་འགྲོ་སོང་རྗེས་དབང་ལུང་མན་ངག་དགོས་ལ། དེ་མེད་ན་བསྙེན་སྒྲུབ་སོགས་བྱེད་མི་རུང་ལ་རིམ་བཞིན་སོ་བྱང་སྔགས་གསུམ་གྱི་སྡོམ་པ་གང་རུང་ངམ་གསུམ་ག་རྒྱུད་ཚོད་དང་བསྟུན་ནས་བླངས་ན་དེ་ལ་བོན་གྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་ཞེས་བརྗོད་ཆོག་ལ་དེ་དག་ལས་ལྷག་པའི་ཆོས་ཤིག་བན་དེ་ལུགས་ལའང་མ་མཐོང་ངོ་། །གོ་རིམ་མེད་པར་ཕྱི་ཚུལ་ཁོ་ན་དང་དུ་ལེན་པ་རྣམས་ནི་བསྟན་པ་འཛིན་པར་སྒྲོ་བཏགས་པ་ཙམ་མ་གཏོགས་ཡང་དག་པར་ཁས་མི་ལེན་ནོ། །དེ་བས་ན་ནང་བ་སངས་རྒྱས་ཀྱི་བསྟན་པའི་ཐོག་མ་ནི་བོན་གྱི་བསྟན་པ་ཡིན་ངེས་ལ། ད་ལྟ་ཁ་ཅིག་བོན་བསྟན་དང་ནང་བསྟན་ཞེས་ཚིག་སྦྱོར་གྱི་སྒོ་ནས་ཁྱད་འབྱེད་ཅི་ཐུབ་བྱེད་པ་དེའི་དམིགས་ཡུལ་རྟོགས་སླ་སྟེ། བཤད་ཚུལ་དེ་དག་གིས་མཇུག་མཐར་བོན་པོ་རྣམས་བན་དེ་ལ་མི་དད་པར་བྱེད་ཅིང་བན་དེ་རྣམས་བོན་པོར་དད་མི་རུང་བའི་ཐབས་ཤིག་ཡིན་ཡང་ཕན་ཚུན་ལོག་སྒྲུབ་བྱེད་པ་ཇེ་མང་དུ་འགྲོ་ཞིང་མཐར་མཐུན་ཐབས་མེད་པ་ཞིག་ཏུ་འགྱུར་རྒྱུ་ལས་འབྲས་བུ་གཞན་ཅི་ཡང་མེད་དོ། །
      ཡང་གྲོས་གཞི་གསུམ་པའི་ནང་དུ། བོད་དུ་བྱུང་བའི་བོན་ཆོས་ཀྱི་ལས་ཀ་བྱེད་སྟངས་ཞེས་པར། གཙོ་བོ་ཆོས་ལུགས་ལ་ཞིབ་འཇུག་བྱེད་ན་གོང་བཤད་ལྟར་གྲུབ་མཐའི་གཞུང་སྤྱི་དང་བསྟན་པའི་བདག་པོ་སངས་རྒྱས་དང་དེའི་རྗེས་འཇུག་གི་མཁས་པའི་གསུངས་རྣམས་ལ་ཞིབ་པར་བལྟས་ཏེ། རང་རང་གི་ཁུངས་བརྟེན་སའི་ལུང་རྣམས་གང་སྔ་ཞིང་གང་འཕྱི་བ་དང་གང་ཡང་དག་ཡིན་མིན་སོགས་དཔྱོད་དགོས་པ་གལ་ཆེ་བ་མ་གཏོགས་ལས་ཀའི་བྱེད་སྟངས་ནི་གང་ཟག་གི་སྤྱོད་ཚུལ་ཡིན་པས། དེ་ལ་དག་མ་དག་མང་སྟེ་དཔེར་ན་སྔོན་ནས་ད་ལྟའི་བར་མཐོང་ཆོས་སུ་གྱུར་བའི་ཆོས་ལུགས་པ་མང་ཆེ་བ་ཞིག་སྟོན་པའི་རྗེས་འཇུག་ཡིན་ཟེར་བ་ཁ་ཙམ་སྟེ་སྤྱོད་ཚུལ་ནི་སྟོན་པའི་གསུང་དང་མི་མཐུན་པར་དགེ་སློང་རྣམས་སྡོམ་པའི་རྐང་གྲངས་ཙམ་ཡང་བརྩི་མི་ཤེས་པར་མ་ཟད། རྩ་བ་བཞི་ཡང་བསྲུང་མི་ནུས་པར་ལྷང་ལ་མ་བུད་ན་གསང་ཐབས་ཀྱིས་དགེ་སློང་གྲས་སུ་འདུག་པ་དང་། རང་གིས་ལག་བསྟར་བྱས་ནས་མ་བསད་ན་བརྒྱུད་ནས་སམ་མཐུ་དང་དུག་གིས་བསད་ན་སྡོམ་པ་མ་ཤོར་ཁུལ་བྱེད་པ་དང་། རྙེད་པ་འཚོལ་བའི་ཕྱིར་ཚོང་བྱེད་པ་དང་གཡོ་སྒྱུས་གཞན་མགོ་བསྐོར་ནས་རྒྱུ་ནོར་བླངས་པ་སོགས་མ་བྱིན་ལེན་དུ་མི་བརྩི་བ་དང་། རང་འདོད་ཤེས་མཐོང་གིས་རྫུན་སྨྲ་བ་ལ་ཉེས་པ་ཡོད་སྙམ་མི་བྱེད་པ་དང་། དབྱར་གནས་དང་ཆོས་ཐོག་ཆེ་ཆུང་ཀུན་ལ་ཤ་དགོས་པས་གཡག་ལུག་གྲངས་མང་གསོད་པ་དང་བླ་མ་འགའ་རེ་དུད་ཁྱིམ་རེས་གདན་དྲངས་ན་ལུག་རེ་བཤའ་དགོས་ཤིང་། སྔགས་པ་འགའ་རེས་གཏོར་ཤ་དང་གཡང་གཞི་ལེན་པ། གསང་སྔགས་གྲོང་ཆོག་ཏུ་གྱེར་བ་དང་། དེ་ཡང་རིན་གོང་བཅད་ནས་ཆོས་འདི་བཏོན་ན་ཡོན་འདི་འདྲ་དགོས་ཟེར་ནས་ཚོང་རྫས་ཀྱི་ཚབ་བྱེད་པ་དང་རྙེད་བཀུར་སྙན་གྲགས་ཀྱི་ཆེད་དུ་གཞི་བདག་ནག་ཕྱོགས་མཆོད་དེ་ར་ལུག་གསོན་བསྲེག་བྱས་ནས་གསུར་ཕུད་པ། ཤ་ཆང་སྔགས་ཀྱི་དམ་རྫས་ཡིན་པར་བསྙད་ནས་བག་མེད་དུ་རོལ་བ་དང་དགེ་སློང་རྣམས་ཀྱིས་རྣམ་གསུམ་དག་པའི་ཤ་ལ་ཉེས་པ་མེད་ཁུལ་གྱིས་ཅི་འདོད་དུ་སྤྱོད་པ་དང་། བླ་མ་དང་དགོན་སྡེ་ཁ་ཤས་ནས། ཡོན་བདག་གིས་དད་པ་གཞན་ལ་བྱས་མི་ཆོག་ཅེས་ཕྲག་དོག་གིས་ཟ་ཐང་གི་ཕོར་ཁ་རྩོད་པ། སྦྱིན་བདག་གིས་རྒྱུ་ནོར་དངོས་རྫས་བཟང་ས་ནས་མ་ཕུལ་ན་གྱོད་རྒྱག་པ་དང་། དགོན་སྡེ་དང་གྲུབ་མཐའ་ཁག་ཕན་ཚུན་གྱིས་འབུལ་བ་རྒྱུ་ནོར་བརྩད་ནས་དམག་འཐབ་བྱེད་པ་དང་། དགོན་སྡེ་ནང་གཅིག་ན་གྲྭ་ས་གོང་འོག དབང་ཆ་ཆེ་ཆུང་། གོ་ས་མཐོ་དམན། བཙན་གཉོམ་ཕྱུག་དབུལ་གྱི་ཁྱད་པར་ལས་མཐོ་གནོན་དང་འཐབ་འཁྲུག་རྒྱུ་ནོར་འཕྲོག་བཅོམ་རྟེན་གསུམ་བཤིགས་གཏོར་སོགས་མི་འཚམས་པའི་ལས་དུ་མ་གསོག་པ་ནི(བོན་པོ་ཡིན་ན་བོན་ནག་དང་བན་དེ་ཡིན་ན་བན་ནག་བཏགས་པས་ཆོག)ཆོས་ལུགས་གྲུབ་མཐའ་གང་ན་ཡོད་མེད་རྟོག་དཔྱོད་བྱས་ཏེ་གང་སྲུང་སྐྱོབ་དང་གང་ཚར་གཅོད་བྱེད་དགོས། ཞིབ་འཇུག་བྱས་ནས་བསྒྱུར་ན་ཆོས་ཁྲིམས་གཙང་ཞིང་སྲིད་ཁྲིམས་དང་མི་འགལ་བའི་སྒོ་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་མཐུན་པ་ཞིག་འོང་ངེས་པས་བཀའ་དྲིན་ཆེ་ཞེས་ཞུའོ། །
      ཐོག་མེད་ཀྱིས་བཏོན་པའི་གྲོས་གཞི་བཞི་བ། ཁྱིམ་མཚེས་རྒྱལ་ཁབ་སོ་སོའི་ལོ་རྒྱུས་དང་འཛམ་གླིང་ལོ་རྒྱུས་ཀྱི་ཁ་ཕྱོགས་བཅས་ལ་སྤོབས་པ་ཆེར་བསྐྱེད་བྱེད་རྒྱུ་ལས་སྟོན་པ་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་གཉིས་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ། བདེན་ཁ་གཏན་ནས་སྟེར་དགོས་དོན་མེད་ཅེས་པར། ལན། སྤྱིར་ཆོས་ལུགས་པ་ཞིག་གིས་ཤཱཀ་ཐུབ་དང་གཤེན་རབ་གཉིས་ལ་བདེན་ཁ་སྟེར་མི་དགོས་ཟེར་བ་མི་འོས་པ་ཞིག་ཡིན་ནའང་དངོས་གཙོ་ཁོ་ནའི་ལྟ་ཚུལ་གྱིས་རུང་སྟེ། དེ་ཡང་དཔེར་ན། ཐུབ་པའི་བསྟན་ལ་དད་པ་ལུས་ཀྱི་དྲོད་ལྟར་ཆེ་ཞིང་ཕྱོགས་ཞེན་ཆགས་སྡང་གི་མེ་ལྕེ་དེ་བས་ཀྱང་ཚ་དྲག་ཏུ་འབར་བ་རྣམས་ཀྱིས། སྟོན་པ་གཤེན་རབ་བརྒྱ་བའི་སྟོན་པ་དང་ནང་བ་སངས་རྒྱས་པའི་བསྟན་པའི་བདག་པོ་ཡིན་པར་མི་འཐད་ཅིང་མཛད་པ་རྣམས་ལ་དག་སྣང་ཕར་ཞོག ཡིད་མི་ཆེས་པར་དུས་ཕྱིས་ཀྱི་རྩོམ་པ་པོ་རྣམས་ཀྱིས་འུར་བསྟོད་དང་རྫུན་གཏམ་རེད་འདོད་པ་དང་། སྟོན་པ་དེའི་བསྟན་པ་ལ་གཞན་གྱི་དད་པ་ལྡོག་པའི་ཐབས་བརྩམས་ནས། རྣམ་ཐར་ལོ་རྒྱུས་སྒྲུང་གཏམ་གང་མང་ནང་དུ་ཁྱད་གསོད་སྐུར་འདེབས་ཀྱི་ཚིག་ངན་མང་དུ་བསྒྲགས་ཤིང་། ཐུབ་པའི་བསྟན་ལ་དད་པའི་བོན་པོ་ཞིག་ཡིན་ན་བོན་དཀར་ཡིན་པ་དང་མི་དད་པ་རྣམས་བོན་ནག་རེད་ཟེར་ནས། བོན་པོ་རྣམས་ཀྱི་སེམས་ཕར་ལ་སྐོར་ཅི་ཐུབ་དང་བན་དེ་རྣམས་ཀྱི་སེམས་རང་ཕྱོགས་སུ་འཁོར་ཅི་ཐུབ་བྱེད་པ་ནི་ཤིན་ཏུ་མང་ལ་དེ་འདྲས་ཞིབ་འཇུག་ཡང་དག་པར་བྱེད་མི་ནུས་སོ། །ད་ལྟ་ཕྱོགས་ཞེན་གྱི་དབང་གིས་རྩོམ་ཤེས་མི་ཤེས་ཀུན་གྱིས་བསྟན་བཅོས། ལོ་རྒྱུས། སྒྲུང་གཏམ། རྩེད་མོ། ཤགས་འགྱེད་སོགས་ཅི་འདོད་དུ་བྲིས་པའི་ནང་དུ་ཡང་དེ་བཞིན་དུ། སྟོན་པ་གཤེན་རབ་ཀྱི་བསྟན་ལ་དད་པ་ས་གཞི་ལྟར་བརྟན་ནའང་ཕྱོགས་རིས་ཆགས་སྡང་གི་བྲག་རི་ནི་དེ་བས་ཀྱང་སྲ་ཞིང་འཐས་པ་རྣམས་ཀྱིས་ཉེས་དམིགས་ལ་མི་འཛེམ་པར་ཐུབ་པ་རྗེས་འབྲང་དང་བཅས་པ་ལ་གོང་བཤད་ལྟར་སྨོད་པ་དང་། དེའང་མང་བཀུར་ནས་བུ་རམ་ཤིང་བ་ཡན་ཆད་ཀྱི་རུས་རྒྱུད་གཅིག་ཏུ་སྣང་ནའང་དེའི་ཚུན་ལ་མིང་སྲིང་འདུས་པའི་རྒྱུད་ལ་ཤཱཀྱ་ཐོགས་པ་ཡིན་ཞེས་རུས་རྒྱུད་ལ་སྨོད་པ་དང་། སངས་རྒྱས་ཡིན་ན་མི་འཇིག་པའི་ཁྱད་ཆོས་ལྡན་པའི་ཞིང་ཤམ་བྷ་ལ་ནས་གསུངས་པ་མ་གཏོགས། དེ་ནས་ཕྱོགས་ཀུན་ཏུ་སྤེལ་དགོས་པ་ལ་ཐུབ་པའི་དུས་འཁོར་ཤམ་བྷ་ལ་ནས་གསུངས་པ་མ་གཏོགས་བདུད་ང་མིན་ཆོས་པོ་འདུལ་བའི་ཆེད་དུ་རྒྱ་གར་རྡོ་རྗེ་གདན་དུ་འཁྲུངས་ནས་དེར་སངས་རྒྱས་པའི་ཚུལ་བསྟན་ཞེས་དང་། ཚེ་ལོ་བརྒྱ་བའི་སྟོན་པ་མ་ཡིན་པར་འདོད་དེ་བརྒྱད་ཅུའི་དུས་སུ་བྱོན་པ་ཡིན་ཟེར་བ་དང་སྟོན་པ་ཡིན་ན་སྐུ་ཚད་དང་སྐུ་ཚེ་ཡང་ཕལ་བའི་མི་དང་མི་མཚུངས་པར་མཛད་ངེས་ལ། ཐུབ་པའི་སྐུ་ཚད་ཁྲུ་བཞི་དང་དགུང་ལོ་བརྒྱད་ཅུའི་ནང་དུ་འདས་པས། བསྟན་རྩིས་ལ་ལར། འཕགས་པའི་སྐུ་ཚེ་ཐུང་སྐྱོན་འཇུག་ཅེས་སོགས་བཤད་འདུག་པ་དང(འདིའང་བོན་པོ་བློ་གཟུ་བོར་གནས་པའི་མཁས་པ་འགའ་ཞིག་ནས་དགུང་ལོ་བརྒྱད་བརྒྱ་དང་ཉི་ཤུར་བཞུགས་ཟེར་བའང་ཡོད)། དེ་ཡང་ཀླུ་སྒྲུབ་མི་ཡུལ་དུ་ལོ་དྲུག་བརྒྱར་བཞུགས་པ་དང་ཐོགས་མེད་བརྒྱ་དང་ལྔ་བཅུར་བཞུགས་པ་དང་། པད་འབྱུང་འཁྲུངས་ནས་བོད་ལ་བྱོན་པའི་བར་མི་ལོ་ཆིག་སྟོང་དྲུག་བརྒྱ་ལྷག་སོང་བ་ལ་གཞིགས་ན། ཐུབ་པའི་མཛད་པ་ལ་བལྟས་ན་ལོ་བརྒྱད་ཅུའི་ནང་དུ་མི་ཤོང་ཟེར་ནས་ཐེ་ཚོམ་སྐྱེས(འདི་རྣམས་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང་བསྐལ་བ་སྐད་ཅིག་མར་སྒྲུབ་པ་དང་། སྐད་ཅིག་མ་བསྐལ་བར་སྒྲུབ་པ་སོགས་ལ་ཡིད་མི་ཆེས་པའི་ལོག་རྟོག་ངན་པ་ཁོ་ནའོ)། ཡང་བན་དེའི་ལུགས་ལ་ཐུབ་པ་འཁྲུངས་དུས་སངས་རྒྱས་ཡིན་ཟེར་བ་དང་། མིན་ཟེར་བ་དང་། རྡོ་རྗེ་གདན་ནས་སངས་རྒྱས་པར་འདོད་པ་དང་། དེ་ཚུལ་བསྟན་དུ་འདོད་པ་དང་། སངས་རྒྱས་པ་ན་བདུད་བཞི་བཅོམ་དགོས་པར་བཤད་པ་དང་། འདས་རྐྱེན་ཞབས་སེང་ལྡེང་གི་ཚེར་མས་བསྣད་པར་བཤད་པ་དང་། མྱ་ངན་ལས་འདས་རྗེས་བཀའ་རྣམས་ལྷ་ཀླུ་སོགས་ཀྱིས་འཕྲོག་རེས་བྱས་ནས་ཁྱེར་སོང་སྐད། ལོ་བཞི་བརྒྱའི་བར་ཐེག་ཆེན་མེད་ཚུལ་བཤད་ནས་ཀླུ་སྒྲུབ་ཀྱིས་ཡུམ་ཀླུ་ཡུལ་ནས་ཁྱེར་འོངས་ནས་ཐེག་ཆེན་དར་ཚུལ་བཤད་པ་ནི་ཁུངས་འགེབས་པའི་ཚིག་རེད་དེ། བོན་གྱི་འབུམ་ཁམས་ཆེན་ནས་བསྒྱུར་བ་བདེན་སྙམ་པ་དང་། བན་དེས་བཤད་ལུགས་ལྟར་ན་ཡང་ཀླུ་སྒྲུབ་ལ་ཞག་བདུན་གྱི་ཚེ་ལས་མེད་ཀྱང་ཚེ་བསྲིངས་ནས་ལོ་དྲུག་བརྒྱར་བཞུགས་ཚུལ། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་གྱིས་ཀླུ་སྒྲུབ་ཀྱི་དབུ་རལ་གྲིས་མ་ཆོད་པར་རྩྭ་ཀུ་ཤས་བཅད་ནས་ཁྱེར་བ་ལ་གནོད་སྦྱིན་མས་འཕྲོག་ནས་དཔག་ཚད་དུ་དོར་བས་ན། དབུ་དང་ལུས་གཉིས་ཀྱི་བར་ན་དཔག་ཚད་གཅིག་ཡོད་ཀྱང་ཡུན་རིང་པོ་ལོན་ན་ཐག་ཇེ་ཉེ་ཇེ་ཉེར་སོང་ནས་དབུ་ལུས་འབྱར་དགོས་ཚུལ། འབྱར་ནས་སླར་བསྟན་འགྲོའི་དོན་མཛད་ཚུལ་སོགས་བཤད་པ་ལ་བོན་པོ་རྣམས་ཡིད་མི་ཆེས་པར་བཤད་པ་མང་དུ་སྣང་ཡང་དེ་དག་བྲི་བར་མི་འདོད། ཡང་བཀའ་སྡུད་སྐོར་དང་གནས་བརྟན་དགེ་འདུན་པ་རྣམས་རྩོད་པ་ཆེན་པོར་གྱུར་ཚད། འདིའི་སྐབས་སུ་འཕགས་པ་ཡོད་མེད་མ་ངེས། ཉན་ཐོས་གྲུབ་མཐའ་སྡེ་བཅོ་བརྒྱད་དུ་གྱེས་པ་སོགས་ཀྱི་ཚུལ་ལའང་བོན་པོ་རྣམས་ཐེ་ཚོམ་ཟ་ཞིང་དང་པོ་བོད་ཡུལ་དུ་བན་དེའི་ཆོས་དར་བའི་མགོ་བརྩམས་ནས་བཟུང་གྲུབ་མཐའ་མང་དུ་གྱུར་ནས་མཁས་པ་ཕན་ཚུན་རྩོད་པ་ཤིན་ཏུ་ཆེ་བས་བརྩམས་ཆོས་དང་རྩོད་ཆོས་ཞེས་ངན་སྨྲས་འདོགས་པ་མང་དུ་ཡོད་ལ། མདོར་བསྡུས་ན། ཤེས་མི་ཤེས་ཀུན་གྱིས་གྲུབ་མཐའ་དང་ཟ་ཁ་དབང་རྩོད་ཆགས་སྡང་ཕྲག་དོག་གིས་ཀུན་ནས་བསླང་སྟེ་ཆོས་སྤོང་གི་ཉེས་དམིགས་ལ་མི་སྐྲག རང་རྒྱལ་མི་རིགས་དང་ཆོས་ལུགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོབ་མི་བྱེད། རང་རང་ཅི་འདོད་གང་འདོད་བྱེད་ཕོད་ཅིང་བཤད་ཕོད་པ་འདི་ཤིན་ཏུ་མི་ལེགས་པས། མི་རིགས་ཕན་ཚུན་ལ་བརྩེ་དུང་གིས་རོགས་རམ། ཆོས་ལུགས་ཕན་ཚུན་ལ་དད་གུས་དང་དག་སྣང་། ཆོས་ལུགས་པ་ཕན་ཚུན་ལ་བརྩི་བཀུར་དང་སྲུང་སྐྱོབ་བཅས་བྱས་ན་ཤིན་ཏུ་ལེགས་སོ། །ཞེས་རྒྱ་ཆེ་བའི་མི་དམངས་དང་བློ་གསལ་གཞོན་ནུ་རྣམས་ལ་སྙིང་ཐག་པ་ནས་ཞུའོ། །
       ཡང་ཐོག་མེད་ཀྱིས་བཏོན་པའི་གྲོས་གཞི་བཞི་བའི་ནང་དུ། སྔོན་བྱུང་མཁས་པ་རྣམས་ཀྱིས་གསུངས་ཚད་སྒྲ་ཇི་བཞིན་པར་ཕྱོགས་ཞེན་གྱིས་ཁས་ལེན་དོན་དེ་བས་ཀྱང་མེད་པའི་ཕྱིར། ཞེས་སོགས་གཟུ་བོར་གནས་པའི་གཏམ་དུ་ངེས་ལགས། བོན་པོ་རྣམས་ཀྱིས་རང་གི་ཆོས་ལུགས་ཡང་དག་པར་བརྩིས་ནས་འདོད་དབང་གིས་ཡི་གེ་རེ་བྲིས། བན་དེ་རྣམས་ཀྱིས་ཀྱང་དེ་བཞིན་རང་གི་ཆོས་གཅིག་པུ་དར་བར་འདོད་པའི་དབང་གིས་འཛེམ་བག་མེད་པར་ཐབས་སྣ་ཚོགས་སུ་བརྩམས་ནས་ཁུངས་ཐུབ་ཀྱི་ལོ་རྒྱུས་དཀོན་པར་གྱུར་བ་ནི། རང་རང་ལུགས་ལ་རང་རང་དབུ་མ་བ། ཟེར་བ་ལྟར་རང་ལུགས་གཙོ་བོར་འཛིན་པ་ལ་སྐྱོན་མེད་ཀྱང་གཞན་ལ་སྨོད་པའི་ལས་མ་བྱས་ན་རང་གཞན་གཉིས་ཀར་ཕན་ནམ་སྙམ། དེའི་དབང་གིས་ལོ་རྒྱུས་རིན་པོ་ཆེའི་མཛོད་ལྟ་བུའི་ནང་དུ་ས་སྙིགས་རྡོ་ལུད་ཀྱིས་བཀང་བ་ལྟར་གྱུར། ད་ལྟ་སྲོང་བཙན་སྔོན་གྱི་ལོ་རྒྱུས་ཤེས་དཀའ་ན་ཡང་ཡི་གེ་དར་ཁྱབ་ཇེ་ཆེར་སོང་བཞིན་ལོ་རྒྱུས་རྙོག་འཛིང་ཇེ་མང་དུ་འགྲོ་བ་འདི་གང་ལན་པ་རེད་སྙམ་ན། ཅི་འདོད། གཞན་ལྟ་ཅི། སངས་རྒྱས་འཁྲུངས་འདས་ཀྱི་ལོ་ཚིགས། སྲོང་བཙན་སོགས་རྒྱལ་རབས་ཀྱི་ལོ་རྒྱུས་ལོ་ཚིགས་མི་མཐུན་པ་ཤིན་ཏུ་མང་ཞིང་ད་ལྟ་གང་གི་རྗེས་སུ་འབྲང་དགོས་པ་མི་ཤེས་པ་ལྟར་གྱུར་བ་འདི། མི་གཙང་གནམ་དུ་གཏོར་ན་རང་མགོར་འབབ། ཟེར་བ་ལྟར་གྱུར་ཏོ། །དེས་ན་གསུངས་ཚད་སྒྲ་ཇི་བཞིན་པར་ཁས་ལེན་མི་རུང་བ་ཤིན་ཏུ་བདེན་ལ། འགའ་ཞིག ཕ་དང་མ་ནི་བསད་བྱ་ཡིན། ཞེས་པ་ལྟར། དགོས་པའི་དབང་གིས་ལྡེམ་དགོངས་ཀྱི་ཚིག་ཀྱང་ཡོད་སྲིད་དོ། ༧ །ཐོ༷ག་མའི་ལྷན་སྐྱེས་ལང་ཚོ་དར་དྲགས་པས། །ཐོ༷ག་བཅས་སྙིང་གི་གུར་ཁྱིམ་ཕྲ་མོའི་དབུས། །ཐོ༷ག་མེད་སྣང་བ་ཡན་པའི་རྩེད་འཇོ་འདིས། །ཐོ༷ག་འགབ་མེད་པར་སྙིང་ལ་ཚོར་བ་བསྐྲུན། ༧ །སོ་དང་སེན་མོས་འདྲད་པ་དང་། །ཁ་དང་རྐུབ་ལས་ཚིག་ངན་དྲི། །འཐུལ་ཞིང་རྐང་བས་བསྣུན་བྱེད་ན། །མཛའ་བའི་སེམས་ནི་རིང་དུ་དོར། །
       དེས་ན། རྗེ་སྐལ་ལྡན་རྒྱ་མཚོའི་གསུང་མགུར་ལས། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་པར། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ཡང་དག་སྣང་སྦྱོང་བ་དང་། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། ། ཞེས་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་ལས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། ། ཞེས་གསུངས་པ་ལྟར་གོང་གི་གྲོས་གཞི་བཞི་བོ་དེའི་སྟེང་དུ་རང་ཉིད་ཀྱི་རེ་བ་འདི་ལྟར། ཀུན་ལ་ཕན་པས་སྒོ་ནས་མི་རིགས་ལ་ཕན་པ། ཞིབ་འཇུག་ཡང་དག་པས་སྒོ་ནས་ལོ་རྒྱུས་ལ་ཕན་པ། རྩོམ་རིག་མང་སྤེལ་གྱི་སྒོ་ནས་རིག་གནས་ལ་ཕན་པ་སྟེ་གསུམ་པོ་འདི། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད། སྙིགས་འདོར་བཅུད་ལེན་བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་ནས་ཕན་ཚུན་ལ་རྒོལ་བའི་རྣམ་འགྱུར་མི་འཛིན་པར། བརྩེ་དུང་གི་རྣམ་པས་མི་རིགས་རང་གི་དོན་ཁུར་ཞིག་ཏུ་བརྩིས་ནས་ལེགས་བཤད་རྩོམ་མི་ཤེས་ཀྱང་ཉམས་མྱོང་གི་ལེགས་སྐྱེས་སུ་འབུལ་རེས་བྱེད་པར་སྤྲོ་བ་འཕེལ་ཞེས་ཞུ།

མི་རིགས་ཀུན་ལ་མི་མཐུན་མེད་པར་མཛའ་གཅུགས་སྤུན་ཟླ་ལྟ་བུར་སེམས། །
ཆོས་ལུགས་སོ་སོའི་ཆོས་ཀྱི་གཞུང་བཞིན་འགལ་བ་མེད་པར་ཉམས་སུ་ལེན། །
ལོ་རྒྱུས་དག་ལ་ལོ་ཚིགས་སོགས་ཀྱང་རང་གི་འདོད་དབང་བཅོས་བསླད་བྲལ། །
རིག་གནས་ཐམས་ཅད་རིག་པ་དང་བསྟུན་གོང་དུ་སྤེལ་བར་ཞབས་འདེགས་ཞུ། །

ལྷ༷ག་བས༷མ་དཀར་པོ་དུང༷་གི༷་སྒྲ༷་དབྱ༷ངས་འདི། །
ཐོས་པས་སྙིང་ལ་གནས་པའི་ལུས་མེད་ཚོགས། །
ལྷག་མེད་ཞི་བ་བདེན་པའི་བདུད་རྩིའི་རོ། །
མྱང་ནས་ཀུན་མཁྱེན་འབྲས་བུ་མྱུར་ཐོབ་ཤོག །

       ཅེས་པ་འདི་ཡང་ཀུན་མཁྱེན་ཤར་རྫ་བའི་བརྒྱུད་འཛིན་དུ་མས་ཡང་ཡང་བསྐུལ་ཚེ་ཁྱུང་དཀར་གདུང་ལ་དལ་རྟེན་རྙེད་པའི་སྔགས་བཙུན་འགྱུར་མེད་ཤེས་རབ་རྒྱ་མཚོ་ནས་བྲིས་པ་དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག