ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> ༢གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་པར་གཞིའི་ཕྱི་མོ་བྱུང་ཚུལ་ལ་དཔྱད་པ།
༢གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་པར་གཞིའི་ཕྱི་མོ་བྱུང་ཚུལ་ལ་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་ཆེན་རྒྱལ།] [ཟླ་ཚེས། 10-11-17] [ཀློག་གྲངས། ]


ས་བཅད་གཉིས་པ། གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་ཐོག་མའི་པར་གཞི་བྱུང་ཚུལ།
དོན་ཚན་དང་པོ ། པར་གཞི་རིག་པའི་གོ་དོན་དང་ནུས་པ།

     པར་གཞི་ཞེས་པ་ནི་བོད་བཙན་པོའི་རྒྱལ་ཁབ་དུས་ནས་རྒྱལ་པོའི་བང་སོ་དང་བྲག་བརྐོས་རི་མོ་དྲན་གསོའི་རྡོ་རིང་སོགས་བྱུང་བ་ལ་བརྟེན་ནས་ལུགས་ཡིག་ཟུང་སྦྱོར་དང་ཚ་ཚའི་བརྐོས་ཕོར། ཁྲོམ་བརྒྱ་བརྐོ་ འདེབས་ཀྱི་རིག་པའི་རྣམ་གཞག་འདི་བྱུང་བ་རེད། རིམ་བཞིན་ལྕགས་པར་དང་ཤིང་པར། མ་ཎི་རྡོ་བརྐོས་དང་ཟངས་པར། བྲིས་མ་རིགས་མང་པོ་ཅི་རིགས་བྱུང་ཡོད་ལ། བོད་ཡིག་ཤིང་པར་ལ་སྐྱོན་པའི་རིག་ལམ་བོད་མདོ་དབུས་ཁམས་གསུམ་དུ་དར་ཞིང་རྒྱས་པར་མཛད་དེ་ཡང་རྩེར་སོན་པས་ན་རང་རེའི་མེས་པོ་གོང་མ་རྣམས་ཀྱི་ཤུལ་དུ་བཞག་པའི་གཅེས་ནོར་རམ་གངས་ཅན་པའི་ཆོས་སྲིད་གཙུག་ལག་རིག་གནས་ལ་གོད་ཆགས་དང་ཉམས་དམས་སུ་གྱུར་ནས་ཡུན་ནས་ཡུན་དུ་དར་སྤེལ་དུ་གཏོང་མ་ཐུབ། དཔར་འདེབས་ལག་རྩལ་ནི་དངོས་བརྒྱུད་གང་རུང་ནས་མ་ཕྱིའི་སྟེང་གི་ཡི་གེ་འམ་རི་མོ་འདྲ་བཟོ་བྱེད་པའི་ལག་རྩལ་ལ་ཟེར། དཔར་འདེབས་ལག་རྩལ་མ་དར་གོང་རོལ་ལ་དཔེ་དེབ་ཡོད་ཚད་མིའི་ལག་བཤུས་ཁོ་ནར་བརྟེན་དགོས་སྟབས་དུས་ཡུན་རིང་བོ་འགོར་བ་དང་མི་ཤུགས་མང་པོ་གཏོང་དགོས་པ། ནོར་འཁྲུལ་མང་པོ་འབྱུང་སླ་བ་སོགས་ཀྱི་རྐྱེན་པས་དཔེ་རྒྱུན་དཀོན་པར་གྱུར། དཔར་འདེབས་ལག་རྩལ་གསར་གཏོད་བྱས་པའི་རྗེས་སུ་སྔོན་གྱི་གནས་བབས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་འགྲེམས་སྤེལ་བྱེད་བདེ་བ། འགྲེམས་རྒྱ་ཆེ་བ། མ་གནས་ཆུང་བ། དཔེ་རྒྱུན་སྲིང་སླ་བ་བཅས་ཀྱི་དགེ་མཚན་ཆེན་པོ་ལྡན་གཤིས། དུས་ད་ལྟ་ལ་ཐུག་གི་བར་དུ་པར་འདེབས་ལག་རྩལ་མ་ཉམས་པར་གནས་ཡོད། དཔར་སྐྲུན་བྱ་བཞག་ནི་གལ་འགངས་ཆེ་བའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་། དེས་རིག་གནས་ཤུལ་བཞག་གསོག་འཇོག་དང་མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་གཏོང་རྒྱུ། རིག་གཞུང་ཚན་ཁག་སྒོ་ཀུན་ནས་འཕེལ་རྒྱས་ཡོང་བར་ཕན་ནུས་ཤིན་ཏུ་ཆེན་པོ་ཐོན་ཡོད་ནི་ཀུན་གྱི་མཐོང་ཐོས་སུ་གྱུར། བོད་ཀྱི་གནའ་རབས་དཔར་སྐྲུན་སྐོར་ལ《དེབ་ཐེར་དཀར་པོ》ལས“ཤིང་དཔར་འབོར་ཆེན་བོད་ཡུལ་ལ་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུའང་མེད་པར་གྲགས”①ཞེས་གསུངས་པ་བཞིན་ད་ཆ་བོད་ཀྱི་ལོ་རྒྱུས་ཡིག་ཆར་གཞིགས་ན་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་སྔོན་ཏུ་བོད་འདིར་དཔར་སྐྲུན་གྱི་ལས་རིགས་དར་སྲོལ་བྱུང་བར་མ་གྲགས། བོད་རབ་བྱུང་བདུན་པའི་ཤིང་རྟ་སྤྱི་ལོ(༡༤༡༤)ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་གསེར་ཡིག་པ་བོད་དུ་འབྱོར། ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་མེས་རྒྱལ་ནང་ཁུལ་དུ་ཆིབས་ཁ་བསྒྱུར་ཏེ་རི་བོ་རྩེ་ལྔར་ལྷ་ཁང་དྲུག་ཕྱག་བཏབ་སྟེ་མཛད་འཕྲིན་འདི་དང་དེ་ལྟ་བུ་གང་མང་ཞིག་གིས་གོང་མ་ཡུང་ལོ་ཐུགས་ལྷག་པར་རྒྱས་ཤིང་། ནན་ཅིན་དུ་བཀའ་འགྱུར་ཟངས་པར་ཐོག་མར་བརྐོས་པའི་པར་ཕུད་ས་སྐྱ་པ་དང་། ཀརྨ་པ། ཙོང་ཁ་པ་བཅས་ལ་སྐྱེས་སུ་བསྩལ་བ་རྣམས་བོད་ཏུ་འབྱོར། ནན་ཅིན་དུ་བོད་ཡིག་གི་བཀའ་འགྱུར་པར་གཞི་ཐོག་མར་བརྐོས་པ་དེ་ནི་བཀའ་འགྱུར་པར་ཏུ་བརྐོས་པ་ཐེངས་དང་པོའམ་སྔ་ཤོས་དེ་ཡིན། དེ་ལ་ཟངས་པར་མའམ་ཡུང་ལོ་བཀའ་འགྱུར། ནན་ཅིན་དཔར་མ་ཞེས་སུ་གྲགས། དེས་བོད་ཀྱི་པར་བརྐོའི་ལག་རྩལ་གསར་དུ་གཏོད་པའི་སྒོ་མོ་ལེགས་པར་ཕྱེ་བ་མ་ཟད། ཡུལ་མདོ་དབུས་གཙང་གསུམ་སོགས་སུ་རིམ་བཞིན་འཕེལ་ནས་དཔར་ཁང་བགྲང་ལས་འདས་པ་ཞིག་བྱུང་བ་རེད། ལྷག་པར་དུ་དུས་རབས་བཅུ་གསུམ་པའི་ནང་བོད་དུ་ཤིང་དཔར་བརྐོ་བའི་ལག་རྩལ་ནང་ས་ནས་དར་ལ། དུས་རབས་བཅོ་ལྔ་པའི་ནང་བོད་ཀྱི་མཁས་དབང་རྣམས་ཀྱི་གསུང་རྩོམ་གཞི་རྒྱ་ཆེན་པོའི་སྒོ་ནས་དཔར་སྐྲུན་ཐུབ་པ་དེས་བོད་ཀྱི་རིག་གནས་ཁྱབ་སྤེལ་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་རེད། བོད་དུ་དཔར་བརྐོ་རིག་པ་དུས་ནམ་ཞིག་ལ་བྱུང་ངམ་ཞེ་ན། དུས་རབས་བཅུ་གཉིས་ཙམ་ལ་དར་འགོ་ཚུགས་ཡོད་པར་སྙམ་པའི་གཞི་འཛིན་ས་ནི་སྔར་ཆོས་རྒྱལ་སྲོང་བཙན་དུས་ནས་བོད་མིས་ཐམ་ག་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེའི་མཇུག་ཏུ་བརྐོས་ཕོར་ལ་བརྟེན་ནས་ཚ་ཚ་དཔར་བཏབ་པའི་ལག་རྩལ་དར་བའི་རྨང་གཞིའི་སྟེང་ནས་ཤིང་དཔར་བརྐོ་བའི་ལག་རྩལ་དང་ལེན་བྱས་ནས་ཐོག་མར་མ་ཎི་ཡིག་དྲུག་དང་ཆོས་ཀྱི་གཟུངས་སྔགས་རླུང་རྟ་སོགས་ཤིང་དཔར་ཆུང་ངུ་རེ་གཉིས་བརྐོ་བ་ནས་རིམ་བཞིན་ཇེ་ཆེ་ཇེ་མང་དུ་སོང་བ་དང་། དཔར་བཏབ་པའི་ལག་ལེན་རབ་དང་རིམ་པ་བརྒྱུད་ནས་དུས་རབས་བཅུ་གཉིས་པའི་ནང་བོད་ཡིག་དཔར་མ་ཡོད་པ་བཅས་སོ།། དེ་ཡང་དཔྱད་གཞིའི་དངོས་དཔང་ཞིག་བཤད་ན། ཤིན་ཅང་ཐུའུ་ལུའུ་ཧྥན་ཉེ་འགྲམ་ཅིང་ཧྲེང་ཁའོ་ནས་རྙེད་སོན་བྱུང་ཞིང་ད་ཆ་པོ་ལིན་དམངས་སྲོལ་བཤམས་སྟོན་ཁང་དུ་ཉར་བའི་མཆོད་རྟེན་གཟུགས་ཀྱི་ཚ་ཚའི་ནང་ནས་གཟུངས་སྔགས་བརྐོས་པའི་བོད་ཡིག་དཔར་མ་ཤོག་ལྷེ་གསུམ་ཡོད་པ་དེ་དག་ནི་ཆེས་སྔ་ཤོས་ཀྱི་བོད་ཡིག་དཔར་མའི་ཚབ་བྱེད་དངོས་དཔེ་ཞིག་ཡིན་པར་བཤད།
  སྤྱིར་ན་བོད་དང་བོན་གྱི་ཤེས་རིག་ལོ་རྒྱུས་ལས་པར་གཞི་དར་བའི་དུས་ཚོད་གནད་དུ་ཁེལ་བ་ཞིག་བརྗོད་དཀའ་བའི་རྒྱུ་མཚན་གཙོ་བོ་ནི་ལག་རྩལ་དེ་རིགས་ཉིན་ཞིག་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་འཕེལ་རིམ་ཆ་ཚང་ཞིག་གི་ཉམས་མྱོང་གསོག་འཇོག་ལ་བརྟེན་ནས་གྲུབ་པའོ།། ཡིན་ནའང་དཔར་བརྐོ་རིག་པ་དང་པར་འདེབས་ཀྱི་ལག་རྩལ་གཉིས་དམངས་ཁྲོད་ལ་མཆེད་ནས་རྒྱུན་འཛིན་བྱུང་སྟབས་ད་ལྟའི་བར་དུ་ག་ས་གང་དུ་མཐོང་རྒྱུ་ཅུང་ཟད་རེ་ཡོད་འདུག པར་སྐྲུན་ནི་གནའ་བོའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཁྱབ་བརྡལ་དུ་གཏོང་བའི་ལག་རྩལ་གལ་ཆེན་ཞིག་ཡིན་པར་མ་ཟད། ཐ་སྙད་གཅིག་གྱུར་དང་སྐད་ཡིག་ཚད་ལྡན་དུ་གཏོང་བའི་ལས་དོན་ལ་ཡང་ཕན་ནུས་རླབས་ཆེན་པོ་ཐོན་ཡོད། ཡིན་ནའང་མི་རིགས་དང་རིག་གནས་ཀྱི་ལོ་རྒྱུས་མི་འདྲ་བ་ལ་བརྟེན་ནས་པར་སྐྲུན་གྱི་ལག་རྩལ་དང་པར་དུ་བརྐོས་གནང་མཛད་པའི་དུས་ཚོད་ཀྱང་གཏན་ནས་མི་འདྲ། བོན་པོའི་ཤིང་དཔར་ལ་དང་པོ་ནི་གཡུང་དྲུང་བོན་ལ་དད་འདུན་ཆེ་བའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་ཆུ་ཆེན་རབ་བརྟན་རྒྱལ་པོས་ཀུན་གྲོལ་འཇའ་ཚོན་སྙིང་བོར་དབུ་བླར་བསྟེན་ཡོད་པས་དངུལ་གྲོན་ཆེན་པོ་བཏང་ནས་བོན་པོའི་བཀའ་འགྱུར་གྱི་ཤིང་པར་དང་པོ་སྟེ་ཆུ་ཆེན་པར་མ་བརྐོས་གྲུབ་བྱུང་། ཡིན་ནའང་དེའི་རྗེས་སུ་རྒྱའི་གོང་མ་ཆན་ལུང་གི་དྲག་པོའི་དམག་དཔུང་གིས་རྒྱལ་རོང་ལ་དམར་གསོད་ཡང་ཡང་བཏང་བས་ཆུ་ཆེན་ཚང་གི་ཤིང་པར་ཕལ་ཆེར་བརླགས། གཉིས་པ་ནི་ཁྲོ་སྐྱབས་རྒྱལ་པོའི་ཀུན་དགའ་ཕུན་ཚོགས་ཉིད་བོན་གྱི་བསྟན་པའི་སྤྱིན་བདག་ཆེན་པོ་ཡིན་པ་མ་ཟད་གོང་གི་ཤིང་པར་བརླགས་འཕྲོ་དེ་དག་ཉར་ཚགས་བྱས་དེ་བཀའ་འགྱུར་ཤིང་པར་ཉམས་རྒུད་དུ་སོང་བ་དག་གསར་དུ་བརྐོས་ཏེ་ཁ་བསྐངས་པ་ནི་ཁྲོ་སྐྱབས་པར་མ་བྱུང་། དབལ་ཁྱུང་དགོན་པར་གཞུགས་སུ་གསོལ་བའི་དབལ་ཁྱུང་བྲིས་མ་དེ་ལ་གཞིར་བཅོལ་ནས་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པ་ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱན་མཚན་མཆོག་གིས་གཙོ་འགན་བཞེས་ཤིང་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་གིས་ཕྱག་རོགས་བླ་མེད་གནངས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་བྲིས་མ་དེ་པར་དུ་བསྐྲུན་པའི་ལས་འགོ་བརྩམས། ཨ་གཡུང་རིན་པོ་ཆེས་བོན་གྱི་བཀའ་འགྱུར་བྲིས་མ་དེ་པར་དུ་བསྐྲུན་རྒྱུའི་སྙན་ཞུ་ཕུལ་བ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་། སྤྱི་ལོ(༡༩༩༨)ལོར་གཡུང་དྲུང་བོན་གྱི་བཀའ་འགྱུར་དབལ་ཁྱུང་བྲིས་མ་ཆ་ཚང་ཞིག་གློག་པར་དུ་བསྐྲུན་པ་རེད།

དོན་ཚན་གཉིས་པ། བོན་བསྟན་སྔ་དར་སུ་རྒྱལ་བའི་བཀའ་ཐོག་མའི་བྱུང་བ།

    དེ་ཡང་གོང་དུ་བཤད་པ་བཞིན་ཆོས་ལུགས་གྲུབ་མཐའ་གང་ཡིན་རུང་ཐོག་མའི་བྱུང་བ་དང་གནས་པ་འཕེལ་འགྲིབ་གྱི་ལོ་རྒྱུས་ཡོད་པ་བདེན་ཡང་། བསྟན་པ་སྔ་དར་གྱི་སྐབས་སུ་སློབ་དཔོན་རྫུ་འཕྲུལ་ཡེ་ཤེས་སྟག་གཟིག་གི་གནས་སུ་ཕེབས་ཏེ་རང་བྱུང་མཆོད་རྟེན་བཞི་ཡི་ནང་ནས་སྟོན་པའི་གདུང་ཤའི་རིལ་བུ་ལྔ་བརྒྱ་འཕེལ་གདུང་དང་བཅས་པ་བོད་དུ་གདན་དྲངས་ནས་ཕྱི་རབས་པ་རྣམས་ལ་བསྟན་པའི་སྙིང་པོ་དང་དད་པའི་རྟེན་དུ་བཞག བླ་མ་དེ་ཡི་རྒྱུད་འཛིན་ཡ་གོང་དང་ཕམ་ཤིའི་སྡེ་པ་གཉིས་ཀྱིས་རྟེན་རྣམས་སོ་སོར་བགོས་པར་ཁ་མ་འཆམ་པས་སྡེ་གཉིས་ནང་འཁྲུགས་བྱུང་སྟེ། བོད་རྒྱལ་དེང་ཁྲི་བཙན་པོའི་སྐུ་ཚེའི་སྨད་ཙམ་ལ་འདུལ་བསྟན་ཉམས་རྒུད་དུ་བྱུང་བར་མངོན། དྲང་སྲོང་མུ་ཟི་གསལ་བཟང་མཆོག་གིས་མ་འོངས་ལུང་སྟོན་པའི་ས་བོན་མཛད་པར་དགོངས་ནས་འདུལ་བ་རྒྱུད་དྲུག་གཙོས་འདུལ་བའི་ཡིག་ཆ་དུ་མ་ཞིག་བསྣམས་ནས་མདོ་སྨད་ཀྱི་ཕྱོགས་སུ་ཕེབས་ཏེ། རྨ་རི་དེལ་གསུམ་གྱི་རི་རྩེ་བྲག་ཕུག་ཏུ་སྙོམས་པར་བཞུགས་སོ།། དེ་ཡི་རྗེས་སུ་གྲི་གུམ་བཙན་པོའི་བོན་གྱི་བསྟན་པ་བསྣུབས་པའི་དུས་སུ་བླ་ཆེན་དྲན་པ་ནམ་མཁའ་དང་། དཔོན་སྲས་མཁས་པ་མི་བཞི། རྐྱེལ་ཆེན་མུ་ཐུར། ཁེ་ནན་ཡོ་ཕྱྭ། བློན་ཆེན་ར་སངས་ཁོད་རམ་སོགས་བོན་གཤེན་རིག་འཛིན་མཁའ་འགྲོ་དུ་མ་ཞིག་གིས་དཀའ་བ་ཁྱད་དུ་བསད་དེ། འབྲི་མཚམས་མཐའ་དཀར་དང་རོམ་པོ་དཔལ་རི། ཟང་ཟང་ལྷ་བྲག དྭངས་ར་ཁྱུང་རྫོང། རྒྱུང་སྲུབ་གསང་བའི་བྲག་སོགས་ཞང་བོད་ཀྱི་ས་གནས་ཁྱད་པར་ཅན་གང་སར་རྒྱལ་བའི་གསུང་རབ་རྣམས་རིན་པོ་ཆེའི་ཟབ་གཏེར་དུ་སྦས་ཏེ། གཤེན་པོ་རྣམས་ཀྱིས་རང་རང་གི་འདོད་མོས་ལ་བརྟེན་ནས་སྨོན་ལམ་དཀར་ནག་གིས་མཚམས་སྦྱར་བ་དང་། གཏེར་བདག་སྲུང་མ་རྣམས་ལ་གཉེར་གཏད་མཛད་དེ་གཤེན་པོ་རྣམས་གཡའ་རི་དང་བྲག་རི། གངས་རི་དང་སྤང་ལྗོངས་སོགས་རི་བཞི་ལས་འདས་པའི་ཡུལ་གྲུ་གང་སར་གཤེགས་པར་གྲགས། འོ་ན་གྲི་གུམ་གྱིས་བོན་བསྟན་བསྣུབས་པའི་དུས་སུ་རུ་བཞི་བོད་ཀྱི་ཡུལ་འདིར་སྔར་དར་བའི་རྒྱལ་བའི་གསུང་རབ་རྣམས་རྩ་ནུབ་ཏུ་སོང་ངམ་ཞེ་ན་མ་སོང་སྟེ། དེ་དུས་ལྷ་བོན་སྒོ་བཞི་བཞག་པ་དང་དེ་སྟོན་མཁན་གྱི་དབོན་སྲས་ཆེན་པོ་ཅོ་གྱིམ་བུ་ལན་ཚ་སྐུ་སྲུང་ཏུ་བཞུགས་པར་གསུངས་པས། རྒྱུ་ཐེག་བཞིའི་སྤྱད་བྱའི་བོན། མོ་རྩིས་གཏོ་དཔྱད་བཞི་སོགས་ཡོད་པར་སྣང་ངོ་།། བོན་བསྟན་སྔ་དར་གྱི་སྐབས་སུ་བོད་དུ་དར་བའི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་བོན་གྱི་ལོ་རྒྱུས་ཡིག་རྙིང་རྣམས་སུ་གྲི་གུམ་གྱི་བོན་བསྟན་བསྣུབས་པའི་དུས་སུ་བོན་གཤེན་རྣམས་ཀྱིས་བོན་གྱི་གསུང་རབ་ཟབ་མོ་གཏེར་དུ་སྦས་སྐབས་བོན་སྡེ་ཆ་དུ་མ་ལ་སོ་སོར་བགོས་པར་བཤད། བོན་སྡེ་ཆ་གཅིག་ཁེ་ནན་ཡོ་ཕྱ་དང་ཁྱེའུ་དྲན་པས་བསྣམས་ནས་ཡར་ལུང་སོག་ཁ་ཕྱོགས་སུ་གཤེགས། ཆ་གཅིག་མཁས་པ་མི་བཞིས་བསྣམས་ནས་ལྷོ་དོམ་སྒྲོ་ནག་པོར་བསྟན་པ་འཛུགས་སུ་གཤེགས། ཆ་གཅིག་དམུ་ཚ་གྱེར་མེད་དང་བློན་ཆེན་ར་སངས་ཁོད་རྣམ་གཉིས་ཀྱིས་བསྣམས་ནས་བྱང་འབྲོག་སྟོད་དུ་གཤེགས་པར་གསུངས། དེ་བས་བོན་སྡེ་ཆ་དེ་རྣམས་རྒྱལ་བའི་གསུང་རབ་ཕྱོགས་གཅིག་ཏུ་བསྡུས་པའི་ཕུང་བོ་ཞིག་ཡིན་པ་ནི་བསྙོན་དུ་མེད་པའི་གནས་ཚུལ་ཞིག་རེད་སྙམ། གང་ཡིན་ཞེ་ན། དེ་དུས་མཁས་པ་མི་བཞིས་བོན་སྡེ་ཆ་གཅིག་བསྣམས་ནས་ལྷོ་དོམ་སྒྲོ་ནག་པོ་བསྟན་པ་འཛུགས་པར་གཤེགས་པས། བསྟན་པ་མི་ཚུགས་པའི་རྟགས་བྱུང་སྟེ། སླར་ལོག་ནས་བསྟན་པའི་བོན་རྣམས་འབྲི་མཚམས་མཐའ་དཀར་ལ་སྦས་པའི་ཟབ་གཏེར་ནང་བོན་གྱི་བཀའ་དུ་མ་ཞིག་ཡོད་པ། ཕྱིས་སུ་དམུ་རིགས་གཤེན་གྱི་གདུང་འཛིན་སྤྲུལ་བའི་གཏེར་སྟོན་ཆེན་མོ་གཤེན་ཆེན་ཀླུ་དགས་ཆ་ཚང་མ་ཐོན་པར་འཕྲོ་ལུས་པར་བཤད་པས་རྒྱུ་མཚན་སོགས་ལ་བརྟེན་ནས་ངེས་ཤེས་རྙེད་ཐུབ་པ་རེད། འདིའི་ཡན་བོད་ལ་བོན་བསྟན་སྔ་དར་གྱི་སྐབས་སུ་རྒྱལ་བའི་བཀའ་རིན་པོ་ཆེའི་བྱུང་རིམ་མདོ་ཙམ་བསྟན་པ་ཡིན།

དོན་ཚན་གསུམ་པ། བོན་བསྟན་བར་དར་སུ་རྒྱལ་བའི་བཀའ་འཕེལ་རྒྱས་བྱུང་ཚུལ།

   བོན་བསྟན་བར་དར་གྱི་སྐབས་སུ་རྒྱལ་བའི་བཀའ་འཕེལ་རྒྱས་བྱུང་ཚུལ་བཤད་པ་ལ་ཐོག་མར་བོད་རྒྱལ་སྤུ་དེ་གུང་རྒྱལ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་པའི་བར་གྱི་དུས་ཚིགས་འདི་ངོས་འཛིན་གྱི་ཡོད། སྐབས་དེར་སྤུ་དེ་གུང་རྒྱལ་གྱིས་ཡབ་གྲི་གུམ་བཙན་པོ་བོན་ལ་སྡང་ཡང་། ངས་བོན་དར་དུ་འཇུག བོན་ཁྲིམས་སྲིད་པའི་ཐོ་ཆེན་འཛུགས་དགོས་ཞེས་གསུངས་ནས་བོན་བསྟན་དར་རྒྱས་སུ་སྤེལ་བར་དགོངས་ནས་ཞང་ཞུང་ནས་ཁྱུང་པོ་མི་ཁྱུང་རྒྱན་དང་། ལྷ་ཁྱུང་རྒྱན་སྐུ་མཆེད་རྣམ་གཉིས་གདན་དྲངས་ནས་བོད་ཡུལ་དུ་འབུམ་སྡེ་ལྔ་དང་། བོན་སྒོ་བཅུ་གཉིས། བོན་གྱི་མཛོད་སྒོ་མང་པོ་དང་ཕྲ་མོ་བཅུ་བཅས་ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་བས་སླར་བོན་བསྟན་དར་རྒྱས་ཀྱི་དབུ་ཚུགས་པ་རེད། བོད་རྒྱལ་ཐོ་ལེགས་བཙན་པོ་ནས་བཟུང་བོད་ཀྱི་རྒྱལ་རབས་སུམ་བཅུའི་བར་གདུང་རྒྱུད་བཅུ་གསུམ་གྱི་བོན་ཞེས་ཕ་རྒྱུད་ལུང་ཆེན་དང་། ལྟ་བ་རྫོགས་ཆེན། བྱང་སེམས་ཐེག་ཆེན། གསས་མཁར་རྒྱུད་ཆེན། ཀུན་གསལ་བྱམས་མ། འབུམ་ཁོག་དབང་ཆེན། རྩེ་འདུས་ཁོག་ཆེན། སྡེ་ལྔ་མདོ་ཆེན། གསང་ལུང་དབང་ཆེན། རྒྱས་ལྔ་འབུམ་ཆེན། སྡེ་བཞི་གཟུངས་ཆེན། རིག་པའི་གནས་ཆེན་སོགས་ཐེག་པ་རིམ་དགུ་དང་འབྲེལ་བའི་བོན་སྡེ་དུ་མ་ཞིག་དར་རྒྱས་བྱུང་བ་རེད། མདོར་ན་བོད་རྒྱལ་ཐོ་ལེགས་བཙན་པོས་སློབ་དཔོན་སྟོང་རྒྱུང་མཐུ་ཆེན་གདན་འདྲེན་བྱས་པ་ནས་བོད་འདིར་བོན་གྱི་གསས་ཁང་དུ་མ་ཞིག་བཞེངས་པར་མ་ཟད། ཁྱད་པར་དུ་བོན་བསྟན་བར་དར་གྱི་སྐབས་སུ་ཁྱུང་པོ་སྟག་སྒྲ་དུན་གཙུག་དང་། སྙ་ལི་ཤི་སྟག་རིང་། བྷེ་ཤོད་ཁྲམ་ཆེན་པོ། སུམ་པ་མུ་ཕྱྭ་ལས་སོགས་བོན་གཤེན་རིག་འཛིན་མཁའ་འགྲོ་དུ་མ་ཞིག་སྟག་གཟིག་དང་ཞང་ཞུང་གི་ཡུལ་གྲུ་རྣམས་ལ་ཕེབས་ཏེ། བོན་གྱི་སེམས་ལུང་མན་ངག་གི་སྡེ་དུ་མ་ཞིག་ཞང་ཞུང་དང་སྟག་གཟིག་གི་སྐད་ལས་བོད་སྐད་དུ་བསྒྱུར་ནས་བོད་ཡུལ་དུ་སྤེལ་བས་བོན་གྱི་བསྟན་པ་སྔར་ལས་རྒྱས་བར་གྲགས། སྐབས་དེ་དུས་ཡང་མདོ་སྔགས་སེམས་གསུམ་གྱི་བོན་པའི་བཀའ་འགྱུར་དང་བརྟེན་འགྱུར་གཉིས་བྱུང་ཡོད་པ་རེད། བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་གར་ནས་དམ་ཆོས་ནང་འདྲེན་བྱས་ཏེ་གངས་ཅན་ལྗོངས་འདིར་ཁྱབ་སྤེལ་བཏང་ཡང་དེ་དུས་འགལ་རྐྱེན་སྣ་ཚོགས་སུ་བྱུང་བར་སྙད་དེ། བོན་བློན་ཆེན་པོ་དར་མ་སྤྲེལ་མགོ་སོགས་ཀྱིས་བོད་དུ་དར་བའི་རྒྱ་གར་གྱི་ནང་ཆོས་བྱེད་མི་ཆོག་པའི་བཀའ་རྒྱ་བཀྲམས་ཏེ། བོད་འདིར་བོན་བསྟན་ཁོ་ན་ལས་གཞན་པའི་ཆོས་སྤྱོད་མི་ཆོག་པའི་བཅའ་ཁྲིམས་བཟོས་པར་མ་ཟད། འགལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་སྲོང་བཙན་ཡང་དགུང་ལོ་སོ་བཞིའི་ཐོག་གཤེགས་ཟིན། དེའི་རྗེས་གུང་སྲོང་གུང་བཙན། རླུང་སྲོང་འཕྲུལ་རྒྱལ། མང་སྲོང་མང་བཙན་སོགས་ཀྱི་རིང་གི་ལོ་རྒྱུས་ལ་ལའི་ནང་བོན་ཆོས་ལྷན་མར་སྤྱོད་པར་བཤད་པ་དང་བོད་དུ་རྒྱ་གར་གྱི་ནང་ཆོས་སྤྱོད་དབང་མེད་པར་མངོན། རྒྱུ་མཚན་ནི་ལོ་རྒྱུས་མཁན་པོ་རྣམས་ཀྱི་བོད་ཀྱི་རྒྱལ་རབས་བཤད་པའི་ཚེ། རྒྱལ་པོ་འདི་རྣམས་ཀྱི་མིང་ཙམ་ལས་དམ་ཆོས་སྤེལ་བའི་ལོ་རྒྱུས་གསལ་བོར་འཁོད་མེད་པའི་རྒྱུ་མཚན་ལ་བསམ་གཞིགས་བྱས་ན་ཚོད་དཔག་བྱེད་ཐུབ་པ་རེད། སྒོས་སུ་བོད་འབངས་ཕལ་ཆེར་བོན་པོའི་ཆོས་ལུགས་རང་གཤིས་སུ་གྱུར་ཡོད་སྟབས་དད་མོས་ཆེ་བ་དང་རྒྱ་གར་ནང་ཆོས་དེ་ཙམ་སྤྱོད་འདོད་མེད་པར་བརྟེན་བོད་འབངས་དང་བོད་བློན་རྣམས་ཡིད་མ་རངས་ཏེ་བློན་ཆེན་བལ་ལྡོང་ཚབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བོད་རྒྱལ་ཁྲི་ལྡེ་གཙུག་བཙན་བཀྲོངས་པར་བཤད། དེའི་རྗེས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྒྱལ་སར་འཁོད་ཀྱང་དེ་དུས་སྐུ་ན་ཤིན་ཏུ་ཕྲ་བས་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་གོ་སྐབས་དབེན་པར་གྱུར། ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བློན་ཆེན་སྟག་ར་ཀླུ་གོང་དང་མ་ཞང་ཕྲོམ་པ་སྐྱེས་སམ་ཞང་མ་ཞང་གཉིས་ཀྱི་གནང་ཡོད་པ་རེད། བློན་ཆེན་སྟག་ར་ཀླུ་གོང་གིས་ཕྱི་ཡི་དམག་དོན་གྱི་སྲིད་དབང་གཙོ་བོར་བཞེས་པས་བྱ་བ་ལེགས་ལམ་དུ་སྤྱོད་པའི་མཚན་སྙན་གྱི་བ་དན་དེང་འདིར་མ་ཡལ་བར་གྲགས་པར་མ་ཟད། སྟག་ར་ཀླུ་གོང་གི་བྱས་རྗེས་བསྟོད་ཚིག་སུ་དྲངས་ནས་རྒྱལ་བའི་མནའ་འབྲེལ་གྱི་བཀའ་རྒྱ་དང་བཅས་བ་འཁོད་པའི་ལྷ་སའི་ཞོལ་ཕྱི་མའི་རྡོ་རིང་དེ་བཙུགས་ཡོད་པ་བོད་རྒྱལ་ཁབ་ཆེན་པོའི་ལོ་རྒྱུས་ཡིག་རྙིང་རྣམས་སུ་གསལ་བར་འཁོད་ཡོད། མདོར་ན་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྟན་མ་བསྣུབས་པར་དུ་བོད་འདིར་རྒྱལ་བའི་བཀའ་འགྱུར་ཉམས་རྒུད་གང་ཡང་མེད་པར་གནས་ཐུབ་པར་བྱུང་བ་དང་བར་དར་གྱི་དུས་སུ་བོན་གཤེན་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྟག་གཟིག་དང་ཞང་ཞུང་། རྒྱ་གར་དང་ཁ་ཆེ་བྲུ་ཤ་སོགས་ཡུལ་གྲུ་གཞན་ནས་བོད་སྐད་དུ་སྒྲ་བསྒྱུར་བྱས་པ་དང་། སྙན་རྒྱུད་ཕབ་པ། གཏེར་ནས་བཏོན་པ་སོགས་ཅི་རིགས་སུ་བྱས་པ་ལ་བརྟེན་ནས་བོད་འདིར་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་ཟླ་ཟུང་འབྲེལ་གྱི་ཚུལ་དུ་དར་རྒྱས་སུ་བཞུགས་ཡོད། འོ་ན་དེ་ནི་ཅི་ལྟར་གྲུབ་བམ་ཞེ་ན། སྤྱིར་དེ་དུས་བཀའ་དང་བཀའ་བརྟེན་གཉིས་སུ་བྱུང་བ་བདེན་དཔང་བྱེད་ཐུབ་པ་མ་ཟད། རྒྱལ་པོ་ཁྲི་ལྡེའུ་བཙན་གྱིས་བོན་བསྟན་སྣུབ་པའི་དུས་སུ་བོན་གཤེན་རྣམས་ཀྱིས་ཟབ་མོ་གཏེར་དུ་སྦ་སྐབས་གཏེར་ལ་རྒྱལ་བོ་དང་། བློན་པོ་དང་ཡང་བློན། གཏེར་ཕྲན་སོགས་ཀྱི་ཐ་སྙད་མི་འདྲ་བ་དུ་མར་མཛད་པར་དཔྱད་ན། བཀའ་བརྟེན་འགྱུར་ཆ་ཚང་ལ་གཏེར་གྱི་རྒྱལ་པོ་དང་། བཀའ་འགྱུར་ལ་བློན་པོ། བརྟེན་འགྱུར་ལ་གཏེར་གྱི་ཡང་བློན། བཀའ་དང་བཀའ་བརྟེན་གང་རུང་གི་ཕྱོགས་སུ་གཏོགས་པའི་གསུང་པོད་ཁ་ཐོར་དང་ལེའུ་ཕྲན་དུ་བྱུང་བ་རྣམས་ལ་གཏེར་ཕྲན་ཞེས་བའི་ཐ་སྙད་མཛད་ཡོད་པའི་མངོན་གསལ་དོད་པོའི་ཐོག་གསལ་བར་ཤེས་ཐུབ་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་གྲུབ་པའོ། །
    སྐབས་ཤིག་ལ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐབས་ཇུས་ཀྱིས་བོན་གཤེན་རྣམས་ཀྱི་ལག་ནས་ཐོབ་ཐང་མང་པོ་ཞིག་བླངས་ནས་མིང་བསྒྱུར་བྱས་པའི་རྗེས་སུ་རླུང་ལ་བསྐུར་བ་དང་། མེར་བསྲེགས་པ། ཆུར་བསྐྱུར་བ། དོང་ནང་དུ་སྦས་པ། མཆོད་རྟེན་གྱི་འོག་ཏུ་མནན་པ་སོགས་བྱས་པས། དེ་དུས་བོན་པོ་རྣམས་རང་དབང་མེད་པར་གྱུར་ཏེ་ཐམས་ཅད་གཏེར་དུ་སྦ་ཐབས་བྱུང་མེད། རྒྱུ་མཚན་ནི་དེ་དུས་ཀྱི་བོན་པོ་རྣམས་བན་ཆོས་ལ་ཞུགས་འདོད་མེད་ཀྱང་བཙན་གྱིས་ཞུགས་དགོས་པ་དང་གལ་ཏེ་བན་ཆོས་མ་བྱས་ཚེ་དམར་གསོད་གཏོང་བ། ལོངས་སྤྱོད་གཞུང་བཞེས་བྱེད་པ། ཡུལ་མཐའ་ལ་མཐར་སྤྲོད་གཏོང་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་ཀྱིན་ཡོད། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་བོད་མིའི་སྐྱིད་སྡུག་གི་གནས་སྟངས་རྣམས་རྒྱབ་ཏུ་བསྐྱུར་ནས་མཐའ་འཁོབ་ཡུལ་གྱི་རྒྱའི་བུ་མོ་དང་ཁ་མཐུན་བྱུང་རྗེས་གཡུང་དྲུང་གི་བོན་འདི་བོད་གངས་ཅན་གྱི་ལྗོངས་འདིར་མིང་ཙམ་མེད་པར་བཟོ་བར་བགྲོས་ཏེ། བདེན་པའི་བོན་ལ་ཁྱད་གསོད་དང་། འགྲོ་དྲུག་འདྲེན་པའི་གཤེན་རབ་དཔོན་སྲས་བླ་མ་རྣམས་ལ་གཤེ་བསྐུར། བོན་གྱི་གསས་ཁང་དང་མཆོད་རྟེན་རྣམས་གཏོར་བཤིགས་བྱས་པ་དང་། དེང་སང་ཡང་ས་ཆ་ག་ས་གང་དུ་མཐོང་རྒྱུ་ཡོད་པ་རེད། གོང་གསལ་གྱི་བྱེད་ལས་འདི་དག་ལ་བསམ་གཞིགས་ལེགས་པོ་ཞིག་གཏོང་དུས་བོད་རང་གི་རྒྱལ་བློན་གྱིས་རང་གི་འབངས་མི་ལ་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ཐེངས་དང་པོ་སྤེལ་བར་སྙམ་མོ། རེ་ཞིག་བོན་བསྟན་བར་དར་གྱི་དུས་སུ་བོན་པོའི་བཀའ་ཡི་བྱུང་རིམ་དང་འབྲེལ་བའི་འཕེལ་འགྲིབ་སྐོར་མདོར་ཙམ་གླེང་བ་ཡིན།།

དོན་ཚན་བཞི་པ། བོན་བསྟན་ཕྱི་དར་སུ་བོན་པོའི་བཀའ་འགྱུར་གྱི་པར་གཞི་བྱུང་ཚུལ།
① ཁྲོ་སྐྱབས་པར་མ། ② ཆུ་ཆེན་པར་མ། ③ དབལ་ཁྱུང་བྲིས་མ། ④ ཨ་གཡུང་པར་མ།

   བོན་བསྟན་ཕྱི་དར་གྱི་སྐབས་སུ་བསྟན་པའི་སྒྲོན་མེ་ཐོག་མར་མདོ་སྨད་ནས་དར་བར་གསུངས་ལ་མཁས་པ་ཆེན་པོ་མུ་ཆོ་ལྡེམ་དྲུག་གི་རོལ་གར་སྤྲུལ་བའི་སྐུ་མཆོག་དྲང་སྲོང་མུ་ཟི་གསལ་མཆོག་ཡུལ་མདོ་སྨད་རྨ་རི་དེལ་གསུམ་གྱི་བྲག་ཕུག་ཏུ་བཞུགས་ནས་མི་ལོ་ཆིག་སྟོང་བརྒྱད་བརྒྱར་སོན་པའི་དུས་སུ་བོད་ཆེན་པོའི་ཡུལ་གྲུ་སྟོད་སྨད་ཀུན་ཏུ་འདུལ་རྒྱུད་འཛིན་པའི་འདུས་སྡེ་དུ་མར་འཕེལ་ནས་རྣམ་དག་འདུལ་བའི་བསྟན་པ་དར་ཞིང་རྒྱས་པར་གྲགས། དེ་དང་དུས་མཚུངས་སུ་བར་ལྡིང་དུ་གཏེར་དང་སྙན་རྒྱུད་གང་ཡང་མ་སོང་བའི་བཀའ་མ་གསེར་ཞུན་ལྟ་བུའི་བོན་སྡེ་འདུལ་བ་རྒྱུད་དྲུག་གཙོས་མདོ་སྔགས་སེམས་ཀྱི་བོན་སྡེ་དུ་མ་ཞིག་དར་ཞིང་རྒྱས་པར་གྱུར། དེ་ཡི་ཚུལ་ནི་རྫོགས་པ་ཆེན་པོའི་ཞང་ཞུང་སྙན་རྒྱུད་དང་། མེ་རི་བཀའ་མ་གཙོས་ཞང་ཞུང་གི་བོན་སྡེ་དུ་མ་ཞིག་གྱེར་སྤུངས་ཆེན་པོའི་བྱིན་རླབས་ཀྱི་མཐུས་ཁྲི་སྲོང་ལྡེའུ་བཙན་གྱི་བོན་བསྣུབས་པའི་སྐབས་སུ་བོད་ཆེན་པོའི་ཡུལ་ཁམས་སུ་ཉམས་རྒུད་དུ་མ་སོང་བར་སྟར་ཆགས་སུ་གནས་པ་དང་འདུལ་བ་རྒྱུད་དྲུག་དང་། མངོན་པ་སྡེ་བཞི་གཙོས་འདུལ་བའི་ཡིག་ཆ་དུ་མ་ཞིག་དྲང་སྲོང་མུ་ཟི་གསལ་བཟང་མཆོག་མདོ་སྨད་དུ་གཤེགས་པའི་དུས་སུ་བསྣམས་ནས་ཕྱིས་སུ་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ་དབང་ལུང་སྡོམ་རྒྱུན་དང་བཅས་པ་རྫོགས་པར་གནང་། བཀའ་མ་འདི་རྣམས་སྟོན་པ་རྫོགས་པའི་སངས་རྒྱས་ནས་བཟུང་ད་ལྟའི་སྡོམ་གསུམ་བསྟན་པའི་སྲོལ་འཛིན་ཆེན་མོ་སྨན་རིའི་མཁན་རབས་སོ་གསུམ་པ་སྐྱབས་རྗེ་དཔལ་ལུང་རྟོགས་བསྟན་པའི་ཉི་མ་དང་། གསང་གསུམ་བོན་གྱི་མཛོད་འཆང་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རྣམ་གཉིས་ལ་ཐུག་གི་བར་བྱིན་རླབས་ཀྱི་ན་བུན་མ་ཡལ། དབང་ལུང་གི་ཟམ་མ་ཆད། མི་ཚིག་གིས་བསླད་མ་ཞུགས་པའི་བཀའ་མ་བྱིན་རླབས་ཅན་དུ་གྲགས་པ་ཡིན། བོན་བསྟན་ཕྱི་དར་གྱི་སྐབས་སུ་བཀའ་གཏེར་སྙན་གསུམ་ཅི་རིགས་ལ་བརྟེན་ནས་བྱུང་བའི་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་རྣམས་ཕྱོགས་གཅིག་ཏུ་སྡུད་རུབ་བྱས་པའི་རྒྱལ་བའི་བཀའ་འགྱུར་ཆེན་མོ་འདི་འཕེལ་རྒྱས་བྱུང་ཚུལ་ནི། རྒྱལ་བའི་གསུང་རབ་བཀའ་མ་གསེར་ཞུན་ལྟ་བུའི་མངའ་བདག་དཔོན་རྒྱལ་བཙན་པོ་དང་། དྲང་སྲོང་མུ་ཟི་གསལ་བཟང་སོགས་གྲུབ་ཐོབ་རིག་འཛིན་རྣམས་ཀྱིས་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས་བྱུང་བའི་བོན། ཞང་ཞུང་སྙན་རྒྱུད་དང་། མེ་རི་བཀའ་མ། དབལ་ཆེན་རམ་པ། འདུལ་བ་རྒྱུད་དྲུག་སོགས་བར་ལྡིང་དུ་གཏེར་སྙན་གང་གི་ཕྱོགས་སུ་མ་སོང་བའི་བཀའ་མའི་ཁོངས་སུ་གཏོགས་པའི་མདོ་སྔགས་སེམས་ཀྱི་བོན་སྡེ་རྣམས་དང་ཟབ་གཏེར་བོན་གྱི་མངའ་བདག་རྗེ་འབྲུག་ཆེན་པོ་དང་། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ། བོན་ཡང་དག་གི་མངའ་བདག་གཏེར་སྟོན་ཆེན་པོ་གྷུ་རུ་རྣོ་རྩེ་སོགས་ཟབ་གཏེར་བོན་གྱི་མངའ་བདག་གྲུབ་ཐོབ་རིག་འཛིན་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་ནས་འཕེལ་རྒྱས་སུ་བྱུང་བར་མངོན། བྱང་སེམས་གབ་པ་དགུ་སྐོར་དང་། སྤྱི་སྤུངས་བསྒྲགས་པ་སྐོར་གསུམ། ཁམས་ཆེན་སྟོང་ཁྲག་བརྒྱ་བ་སོགས་མདོ་སྔགས་སེམས་ཀྱིས་བསྡུས་པའི་ཟབ་གཏེར་གྱི་བོན་སྐོར་རྣམས་དང་། སྙན་རྒྱུད་བསྟན་པའི་མངའ་བདག་སྤྲུལ་བའི་སྐུ་མཆོག་བློ་ལྡན་སྙིང་པོ་དང་། སྤྲུལ་སྐུ་ལུང་བོན་ལྷ་གཉན་སོགས་བོན་ཡང་དག་གི་མངའ་བདག་སྙན་རྒྱུད་བསྟན་པའི་སྲོལ་འཛིན་རྣམས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན། རྫོགས་ཆེན་ནམ་མཁའ་སྤྱི་གཅོད་དང་། དཔལ་གསང་འདུས་དོན་རྒྱུད། མདོ་དྲི་མེད་གཟི་བརྗིད་ལས་མདོ་སྔགས་སེམས་ཀྱིས་བསྡུས་པའི་བོན་གྱི་སྡེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་ཚོགས་དེ་ལ་བོན་གྱི་བཀའ་འགྱུར་ཆེན་མོ་ཞེས་མཚན་ཡོངས་སུ་གྲགས་པ་ཡིན། བོན་བསྟན་ཕྱི་དར་གྱི་སྐབས་སུ་རྒྱལ་བའི་བཀའ་འགྱུར་དར་འགོ་ཚུགས་ཚུལ་ནི་ལྷ་སྲས་དར་མས་དམ་ཆོས་བསྣུབས་པའི་བགྲང་བྱ་འགའ་འདས་པའི་རྗེས་སུ་ཚུགས་པ་ཡིན་ལ། དེ་ཡང་དེ་དུས་དར་འགོ་ཚུགས་ཅེས་བཤད་པ་ནི་ཕལ་ཆེར་འཕེལ་རིམ་གྱི་དབང་དུ་བཏང་ནས་བཤད་པ་ཡིན་གྱི་སྔར་མེད་གསར་དུ་བྱུང་བ་ཞིག་མ་ཡིན་ཏེ། གསང་ཆེན་རིག་པ་འཛིན་པའི་བོན་གཤེན་རྣམས་ཀྱིས་བཀའ་གཏེར་སྙན་གསུམ་ཅི་རིགས་སུ་ཕབ་པ་ལ་བརྟེན་ནས་བྱུང་བའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཞེས་རྒྱལ་བའི་བཀའ་དྲི་མ་མེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་ཚོགས་འདི་དུས་ཐོག་གཅིག་ཏུ་བཀའ་གཏེར་སྙན་གསུམ་བྱུང་བ་མ་ཡིན་པར་རིམ་བཞིན་འཕེལ་རྒྱས་སུ་བྱུང་བ་ཞིག་ཡིན་པས། འདི་བོད་ཆེན་པོའི་ཡུལ་གྲུ་སྟོད་སྨད་བར་གསུམ་གྱི་ཁོངས་སུ་ཡོད་པའི་བོན་གྱི་འདུས་སྡེ་གང་ལ་ཐོག་མར་བླ་དཔོན་སུ་ཞིག་གིས་ཕྱོགས་ཀུན་ནས་བསྡུས་ཏེ་རྟེན་བཞེངས་བྱས་པའི་ལེགས་བྱས་རླབས་པོ་ཞིག་གི་ལས་འགུལ་སྤེལ་ཡོད་པ་དང་། དེ་ནས་རིམ་བཞིན་ཕྱོགས་མཐར་ཁྱབ་ཚུལ་བཤད་པའི་ལོ་རྒྱུས་ཁ་གསལ་ཅན་ཞིག་མཐོང་རྒྱུ་དཀོན་སྟབས། འདི་ཡིན་ཞེས་ཁ་ཚོན་བཅད་ནས་བཤད་པར་དཀའ་ནའང་དུས་རབས་བཅུ་གཉིས་པའི་ནང་ཨ་མདོའི་མངའ་ཁུལ་དུ་སྣང་གཞིགས་དོ་འཕགས་ཆེན་པོས་རྟེན་བཞེངས་བྱས་པའི་གསེར་དངུལ་གྱི་བྲིས་པའི་བཀའ་འགྱུར་ཞིག་ཡོད་པར་གྲགས་ཀྱང་སྣང་གཞིགས་བླ་རབས་སོ་བཞི་པ་བློ་གྲོས་ཐོག་མེད་ཀྱི་སྐུ་རིང་ལ་མེ་སྐྱོན་ཤོར་ནས་བཀའ་འགྱུར་དེ་ལས་གསེར་གྱིས་བྲིས་པའི་བསྐལ་བཟང་པོད་གཅིག་མ་གཏོགས་ལྷག་མེད་དུ་བརླགས། དེ་དེང་སང་ཡང་སྣང་གཞིགས་དགོན་གྱི་གསུང་རྟེན་གཙོ་གྲལ་དུ་བཞུགས་པར་གསུངས། དེ་དུས་བོན་གྱི་བཀའ་འགྱུར་ཡོད་ཀྱང་ད་ལྟ་ནང་བཞིན་པོད་བརྒྱ་དང་ལྔ་བཅུ་ང་བརྒྱད་ཀྱི་ཚོགས་འདི་ཡོད་པར་མི་འདོད་དེ། ད་ལྟའི་བཀའ་འགྱུར་འདིའི་ནང་སྣང་གཞིགས་དོ་འཕགས་ཆེན་པོ་འཁྲུངས་པའི་རྗེས་སུ་གཏེར་དང་སྙན་རྒྱུད་ཅི་རིགས་སུ་བྱོན་པའི་བཀའ་ཇི་སྙེད་ཅིག་འདུག་པའི་ཕྱིར་རོ།། དེ་རྗེས་གཡུང་དྲུང་བོན་ལ་དད་འདུན་ཆེ་བའི་རྒྱལ་མོ་རོང་གི་ཞིང་ཁམས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་བོན་གྱི་བསྟན་སྦྱིན་ཆེན་མོ་མི་དབང་ཆུ་ཆེན་རབ་བརྟན་གྱིས་ཀུན་གྲོལ་འཇའ་ཚོན་སྙིང་པོ་དབུ་བླར་བསྟེན་ཏེ་དངུལ་འབོར་ཆེན་པོ་བཏང་ནས་བོན་གྱི་བཀའ་འགྱུར་གྱི་ཤིང་པར་དང་པོ་སྟེ་ཆུ་ཆེན་པར་མ་བརྐོས་ནས་གྲུབ་པར་ཀུན་གྲོལ་འཇའ་ཚོན་སྙིང་པོས་ཕྱག་རོགས་བླ་མེད་པ་གནང་། དེའི་རྗེས་སུ་ཆན་ལུང་རྒྱལ་པོས་དྲག་གནོན་གྱི་དམག་དཔུང་ཡང་ཡང་རྒྱལ་རོང་ལ་དྲངས་པའི་སྐབས་སུ་ཆུ་ཆེན་པར་མའི་པར་ཤིང་ཕལ་ཆེར་བརླགས། ཁོ་བོས་འདིའི་སྐོར་བོན་གྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་ཁ་གསལ་ཅན་ཞིག་མ་མཐོང་ཡང་བལ་ཡུལ་ཁྲི་བརྟན་ནོར་རྩེ་གླིང་ནས་ཕེབས་པའི་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལ་འདྲི་རྟོག་བཅས་པར་ཁོང་གིས་རྒྱལ་རོང་རབ་བརྟན་རྒྱལ་པོའི་མངའ་འོག་གཡུང་དྲུང་ལྷ་སྟེང་དགོན་འདི་སྔར་རྒྱ་ཡིས་གཏོར་ཞིང་ཤིང་པར་བརླགས་ནའང་པར་མ་སྤུས་ལེགས་འགའ་མཐོང་རྒྱུ་ཡོད་ཅེས་གསུངས་པ་དང་། ད་ལྟ་སྣང་གཞིགས་དགོན་དུའང་སྔར་ཆུ་ཆེན་ས་ནས་གདན་དྲངས་བའི་བཀའ་འགྱུར་གྱི་ཐོར་བུ་མདོ་དྲི་མེད་གཟི་བརྗིད་པར་མ་ཆ་ཚང་ཞིག་བཞུགས་ཡོད། བོན་གྱི་བསྟན་སྦྱིན་ཆེན་མོ་ཆུ་ཆེན་རབ་བརྟན་རྒྱལ་པོའི་མཐུན་འབྱོར་བླ་ན་མེད་པ་ལ་བརྟེན་ནས་དེར་ཕྱོགས་སུ་བཞུགས་པའི་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་ཚང་དཔར་གཞི་ཁྲོ་ལྕགས་ལ་བྱས་པའི་འཕྲུལ་དཔར་དུ་བཞེངས་ཡོད་པར་བོན་གྱི་ཡུལ་ཕྱོགས་སྟོད་སྨད་བར་གསུམ་ཀུན་ཏུ་རྒན་རབས་རྣམས་པའི་བཤད་སྲོལ་ཡོད་པ་དང་། དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་གིས་ཀྱང་ཡོད་པར་གསུངས། ཁོང་དུས་རབས་བཅུ་བཞི་པའི་ནང་བྱོན་པའི་བོན་གྱི་བླ་ཆེན་ཞིག་ཡིན། དེ་དུས་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་རྣམས་ཀྱི་པོད་ཚོགས་ཡོད་པ་ཙམ་གྱིས་མི་ཚད། ཐམས་ཅད་དཔར་གཞིའི་ཐོག་ཏུ་བརྐོས་ཟིན་པར་གྲགས། ཤར་ཕྱོགས་རྒྱལ་མོ་རོང་གི་ཡུལ་ཆུ་ཆེན་རབ་བརྟན་རྒྱལ་པོའི་ཡུལ་དུ་དུས་ནམ་ཞིག་ལ་རྒྱལ་བའི་བཀའ་འགྱུར་བྱུང་བ་དང་དེ་ཉིད་རབ་བརྟན་བླ་དཔོན་སུ་ཞིག་གིས་ཕྱོགས་ཕྱོགས་ནས་བསྡུ་རུབ་བྱས་པ་དང་། དཔར་གཞིའི་ཐོག་བོན་གཤེན་གང་དང་གང་གིས་བཞེངས་སྒྲུབ་བྱས་ཚུལ་སོགས་ཀྱི་ལོ་རྒྱུས་ཁ་གསལ་ཅན་མ་མཐོང་ཡང་སྐབས་འདིར་བདེན་པའི་ཚིག་ལ་ལུང་ཁུངས་ཀྱི་རྒྱབ་བརྟེན་བྲལ་ཡང་མུ་མཐུད་ནས་ཞིབ་འཇུག་བྱེད་རྒྱུ་ལས་གཞན་པའི་བྱ་ཐབས་བྲལ། བོན་གྱི་བཀའ་འགྱུར་ཆེན་མོ་དཔར་གཞིའི་ཐོག་བརྐོ་བཞེངས་བྱས་པའི་ཐོག་མ་དེ་ཆུ་ཆེན་རབ་བརྟན་རྒྱལ་པོས་རྟེན་བཞེངས་གནང་བ་འདི་ཉིད་ཡིན་ཞིང་། དེའི་རྗེས་སུ་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་རྒྱ་ནག་གོང་མ་གཉིས་ལོ་ངོ་བཅུའི་རིང་འཁྲུགས་པས་མཐར་རྒྱ་ནག་གོང་མས་རབ་བརྟན་རྒྱལ་པོའི་བསྟན་སྲིད་ལ་གཏོར་བཤིག་བཏང་བས་སྐབས་སུ་བཀའ་འགྱུར་གྱི་ཤིང་དཔར་ཕལ་ཆེར་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོས་གདན་འདྲེན་ཞུས་པ་དང་། ཆུ་ཆེན་རབ་བརྟན་རྒྱལ་པོའི་ལག་ཏུ་མ་སོན་པའི་བཀའ་དུ་མ་ཞིག་དང་། སྔར་གཏོར་བཤིག་སྐབས་སུ་འཐོར་སྐྱོན་སོང་བ་རྣམས་ཁ་བསྐང་བའི་ཆེད་དུ་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་ཀུན་དགའ་ཕུན་ཚོགས་ཀྱིས་མཐུན་སྦྱོར་བླ་མེད་གནང་བ་ལ་བརྟེན་ནས། དེར་ཡོད་ཀྱི་བཀའ་འགྱུར་ཚང་མ་ཤིང་དཔར་དུ་བཞེངས་པ་དང་གསང་ཆེན་རིག་པ་འཛིན་པའི་རྣལ་འབྱོར་ཆེན་མོ་ཀུན་གྲོལ་འཇའ་ཚོན་སྙིང་བོ་དབུ་བླར་བསྟེན་ནས་དེས་པར་ཤིང་བརླགས་འཕྲོ་དེ་དག་ཉར་ཚགས་བྱས་པར་མ་ཟད་འགྲོ་གྲོན་ཆེན་པོ་བཏང་ནས་བཀའ་འགྱུར་གྱི་ཤིང་པར་ཉམས་རྒུད་དུ་སོང་བ་དག་གསར་དུ་བསྐོས་པ་ནི་ཁྲོ་སྐྱབས་པར་མ་ཡིན། རིང་པོ་མ་ཐོགས་པར་ཁྲོ་སྐྱབས་པར་མ་ཡང་དེའི་ཕྱིས་ཀྱི་དམག་འཁྲུག་ནང་དུ་བརླགས། ད་ལྟ་བོད་ཁམས་དང་ལྷག་པར་ཏུ་མདོ་སྨད་ཀྱི་དགོན་པ་དང་སྐུ་སྒེར་གྱི་ཡིག་ཚང་དག་ཏུ་ད་རུང་ཆུ་ཆེན་པར་མ་དང་ཁྲོ་སྐྱབས་པར་མའི་དཔེ་ཆ་གང་མང་བཞུགས་ཡོད་མོད་བཀའ་འགྱུར་ཤིང་པར་མ་ཆ་ཚང་ཚར་གཅིག་ཀྱང་བཞུགས་མེད་པ་འདྲ། ཤིང་པར་དེ་གཉིས་ཀྱི་རྗེས་སུ་ད་རེག་བར་དུ་བོན་གྱི་བཀའ་འགྱུར་ལ་ཤིང་པར་གཅིག་ཀྱང་བརྐོས་མ་མྱོང་། ཡིན་ན་ཡང་བོན་གྱི་བཀའ་འགྱུར་བྲིས་མ་བཞེངས་པའི་ལུགས་སྲོལ་དེ་ནམ་ཡང་མཚམས་མ་ཆད་དེ། (༡༩༢༢)ལོར་ཨ་རིའི་མཁས་པ་རོ་ཁི་ཟེར་བ་ཞིག་གིས་བོད་ཀྱི་ཤར་ཕྱོགས་ཀྱི་དགོན་པ་ཞིག་གི་ནང་དུ་བོན་གྱི་བཀའ་འགྱུར་བྲིས་མ་ཞིག་བཞུགས་ཡོད་པ་མཐོང་མོད་གློ་བུར་གྱི་དོན་རྐྱེན་ཞིག་ལ་བརྟེན་ནས་ཞིབ་ཏུ་ཀློག་མ་ཐུབ་ཟེར། ཤེས་རབ་དཔལ་གྱིས་བརྩམས་ཤིང་ཀུན་གྲོལ་དཀར་ཆག་གི་ལྷན་ཐབས་སུ་བཞུགས་པའི《དཔེ་རྩིས་མུན་སེལ་སྒྲོན་མེ》ལྟར་ན།“བོན་གྱི་གཏེར་མ་དང་པོ་ནས་བཟུང་སྟེ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་བར་དུ་བོན་གྱི་བསྟན་བཅོས་ཀྱི་གྲངས་ཀ་ནི་དགུ་བརྒྱ་ལྷག་ཏུ་སླེབས་ཡོད་ཟེར”②དེ་ལྟར་ན་བོན་གྱི་བཀའ་འགྱུར་མ་གཏོགས་བསྟན་བཅོས་གཞན་པ་ཡང་མང་པོ་བཞུགས་ཡོད་པ་ངང་གིས་རྟོགས། དུས་རབས་བཅུ་དགུ་པའི་ནང་དུ་བོན་པོའི་བཀའ་འགྱུར་ལ་ཀུན་གྲོལ་འཇའ་ཚོན་སྙིང་པོས་ཞུ་དག་གནང་སྟེ་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག《ཟབ་ཅིང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར》ཞེས་བྱ་བ་བརྩམས་གྲུབ་གནང་།གཡུང་དྲུང་གླིང་གི་མཁན་པོ་ཉི་མ་བསྟན་འཛིན་གྱིས《གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་པའི་ཉིན་བྱེད》ཞེས་བྱ་བ་བརྩམས་ལ། དེར་བཀའ་འགྱུར་ལ་པོ་ཏི་བརྒྱ་དང་བཅུ་གསུམ་དང་། བརྟེན་འགྱུར་ལ་པོ་ཏི་ཉིས་བརྒྱ་དང་དགུ་བཅུ་གོ་གསུམ་སྟེ་སྡོམ་པས་པོ་ཏི་བཞི་བརྒྱ་དང་དྲུག་བཞུགས། ཉི་མ་བསྟན་འཛིན་གྱིས་དཀར་ཆག་བསྒྲིགས་པར་མ་ཟད་དེའི་ལྷན་ཐབས་སུ་རིག་འཛིན་ཀུན་གྲོལ་འཇའ་ཚོན་སྙིང་པོའི་དཀར་ཆག་ཏུ་བཀའ་དང་བཀའ་བརྟེན་གྱི་དབྱེ་བ་ཕྱེ་མེད་པར་བཀའ་བཀྱོན་གནངས། ཁོང་གིས་བསྒྲིགས་པའི་དཀར་ཆག་དེ་དེང་རབས་རྒྱལ་སྤྱིའི་བོན་གྱི་རིག་གནས་ཀྱི་མཁས་པ་ཆེན་པོ་ཕེར་ཁི་ཝེར་ནེ་མཆོག་གིས་ཞིབ་འཇུག་གནངས་ཤིང་། སྤྱི་ལོ(༡༩༧༤)ལོར་རྒྱ་གར་དུ《ཡི་རང》ཟེར་བའི་ཟླ་དེབ་སྟེང་དུ་པར་དུ་བསྐྲུན། གཞན་ཡང་གཡུང་དྲུང་ཚུལ་ཁྲིམས་གྲགས་པས་བརྩམས་པའི《རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་འཕྲུལ་གྱི་ལྡེ་མིག》ཅེས་བྱ་བ་སོག་སྡེ་བསྟན་པའི་ཉི་མས་པར་དུ་བསྐྲུན། དེ་ནས་གཡུང་དྲུང་བོན་གྱི་བསྟན་སྦྱིན་ཆེན་མོ་ག་རྒྱ་བསྟན་དར་གྱིས་ཉག་རོང་གི་གསང་སྔགས་གླིང་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བྲིས་མ་ཚར་གཅིག་ལ་པོད་གྲངས་བརྒྱ་དང་ལྔ་བཅུ་ང་བརྒྱད་ཡོད་ཕུད། གཞན་ཡང་ཧོར་ཚོ་ཆེན་སྟོད་སྨད་ནས་མདོ་སྔགས་སེམས་གསུམ་གྱི་བོན་པོའི་དཔེ་ཆ་པོད་དུམ་བརྒྱ་ལྷག་བྱུང་བར་གསུངས། དེ་ནས་གཏེར་ཆེན་ཡབ་ཡུམ་གཉིས་ཀྱི་ཐུགས་ཀྱི་བཞེད་དགོངས་གེགས་མེད་ལྷུན་གྱིས་གྲུབ་པ་དང་ཁམས་ཉག་རོང་ཁོག་ཏུ་བྱོན། ག་རྒྱ་གྲྭ་བ་བསྟན་འཛིན་ཕུན་ཚོགས་ཀྱིས་གཏེར་ཆོས་ཐམས་ཅད་འབྲི་བཞེངས་བྱས་ནས་གྲུབ་པ་དང་བསྟན་སྦྱིན་ཆེན་མོ་ག་རྒྱ་ཚང་གིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་བསྟན་འཛིན་ཕུན་ཚོགས་ཀྱིས་རྒྱལ་བའི་བཀའ་འགྱུར་མར་ཉག་རོང་གི་ཕྱོགས་སུ་སྐྱེལ་བའི་ལམ་ཞོར་དུ་སྡེ་དགེ་རྫ་ཁོག་ན་གྲུབ་དབང་ཤར་རྫ་རིན་པོ་ཆེས་སྡེ་སྣོད་མཛོད་ཀྱི་ཁྲིད་ལུང་གསུང་བཞིན་པའི་སྐབས་དང་ཁེལ། དེ་དུས་ཤར་རྫ་རིན་པོ་ཆེས་རྒྱལ་བའི་བཀའ་འགྱུར་ཆ་ཚང་གཅིག་ཁམས་ཡུལ་སྨད་ཕྱོགས་སུ་ཐོག་མར་གདན་ཞུས་གྲུབ་པ་དང་བསྟན་པའི་སྦྱིན་བདག་ག་རྒྱ་གྲྭ་བ་ཕེབས་པ་སོགས་ལ་ཐུགས་ཤིན་ཏུ་དགྱེས་ཚུལ་གྱིས་སྤྲུལ་བའི་གཏེར་ཆེན་གསང་སྔགས་གླིང་པ་ཡབ་ཡུམ་གཉིས་དང་བསྟན་སྦྱིན་ག་རྒྱ། གྲྭ་བ་བསྟན་འཛིན་ཕུན་ཚོགས་བཅས་ལ་བསྔགས་བརྗོད་ཚད་མེད་གནང་། གཏེར་ཆེན་ཡབ་ཡུམ་གཉིས་དགོངས་པ་རྫོགས་རྗེས་སུ་གཏེར་ཆེན་གྱི་ཡང་སྲིད་དབལ་ཁྱུང་དགོན་པར་ཁྲི་བཀོད་གནང་བ་དང་། མཁའ་འགྲོའི་ཡང་སྲིད་ཀྱང་སྡེ་དགེ་རྫ་ཁོག་ཏུ་ཀུན་གྲོལ་ཧཱུམ་ཆེན་འགྲོ་འདུལ་གླིང་བར་སྲས་ལྕམ་དྲལ་ལྔ་ཡོད་པའི་ནང་གི་ཆུང་བ་མཁའ་སྤྱོད་དབང་མོ་ངོས་འཛིན་གནང་ནས་ཉག་གཏེར་སྤྲུལ་སྐུའི་སྐུ་ཟླ་རུ་ཉག་རོང་གི་དབལ་ཁྱུང་དགོན་པར་ཕེབས། གོང་གསལ་གྱི་རིག་གནས་གསར་བརྗེའི་རླུང་འཚུབ་ཀྱི་དུས་སུ་མི་རིགས་རང་གི་རིག་གཞུང་ལ་སྲོག་ལྟར་གཅེས་པར་བཟུང་བའི་ཉག་རོང་ཡུལ་གྱི་དཔའ་བོ་དུ་མས་རྒྱལ་པོའི་བཀའ་འགྱུར་འདི་ཉིད་སྦས་སྐུང་བྱས་ཏེ་ཉར་སྐབས། ཡུལ་མི་རྣམས་ཀྱི་ཁ་ནས་ཤོར་བ་དང་དོགས་རྐྱེན་དུ་མའི་དབང་གིས་བཀའ་འགྱུར་འདི་ཡི་ཆེད་དུ་མི་ལྔའི་ཚེ་ཡི་འཕེན་པ་རྫོགས། མཁའ་འགྲོ་མཁའ་སྤྱོད་དབང་མོ་མཆོག་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་དགུར་ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས་རྗེས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དེ་མོའི་སྐུ་མཆེད་སྨོན་རྒྱལ་ལྷ་སྲས་རིན་པོ་ཆེའི་ཕྱག་ཏུ་ཐོབ་པ་རེད།
   སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་རོང་རྫོང་གི་དབལ་ཁྱུང་དགོན་པར་བོན་གྱི་བཀའ་འགྱུར་བྲིས་མ་ཆ་ཚང་ཞིག་ཉར་ཚགས་གནངས་ཡོད་པ་དེ་ཆབ་སྲིད་ཀྱི་དུས་འགྱུར་ཐམས་ཅད་ལས་ཐར་ནས་དེང་སང་ལྷག་ཡོད་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་བྲིས་མ་གཅིག་པུ་ཡིན་པས་དེའི་རིན་ཐང་ནི་བཤད་མ་དགོས་པ་ལགས། ཁོ་བོས་རྩད་གཅོད་བྱས་པ་ལྟར་ན། ཁམས་ཕྱོགས་ནས་འཁྲུངས་པའི་གཡུང་དྲུང་བོན་གྱི་གཏེར་གསར་སྟོན་པ་གསང་སྔགས་གླིང་པ་མཆོག་ཧོར་ཚོ་ཆེན་སོ་དགུའི་ཡ་གྱལ་ག་རྒྱ་ཚོ་བར་འདུལ་བར་ཕེབས་དུས་སུ། ག་རྒྱ་ཚོ་བས་ལོ་འཁོར་བཅུ་ལྷག་གི་རིང་ལ་བོན་གྱི་བཀའ་འགྱུར་ཚར་གཅིག་བྲིས་བཞེངས་གནངས་ཏེ་ག་རྒྱ་བསྟན་དར་གྱིས་གསང་སྔགས་གླིང་པ་ལ་ཕུལ། ཁོང་ཕྱིར་ཉག་རོང་དུ་ལོག་རྗེས་སུ་བཀའ་འགྱུར་དེ་དབལ་ཁྱུང་དགོན་པར་བཞག དུས་ཀྱི་གོད་ཆགས་དེ་དག་གི་སྐབས་སུ་དགོན་པ་དེའི་དགེ་འདུན་པ་གཡུང་དྲུང་རྒྱལ་བ་དང་ཤེས་རབ་དབང་ལྡན་དང་ཀུན་བཟང་རྡོ་རྗེ་གསུམ་གྱིས་སྲོག་གི་ཉེན་ཁ་ལ་མ་འཛེམ་པར་བཀའ་འགྱུར་བྲིས་མ་འདི་སྦས་སྐུང་དང་ཉར་ཚགས་གནང་བའི་བཀའ་དྲིན་གྱིས་དེང་སང་ཀུན་གྱི་སྤྱན་ལམ་དུ་འགྲེམས་རྒྱུ་ཡོད་པར་གྱུར། དགེ་འདུན་པ་དེ་གསུམ་གྱི་སྙིང་སྟོབས་དང་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་བཞིན་ཡོད་ལ་འབུལ་ཡང་འོས། ལྷག་པར་དུ་ཁོ་རང་ཚོས་བསྐྱབས་པའི་བཀའ་འགྱུར་བྲིས་མ་ཚར་དེ་ནི་བོད་ཁ་བ་ཅན་ཏུ་ལྷག་པའི་བོན་གྱི་བཀའ་འགྱུར་བྲིས་རྒྱུན་གཅིག་པུར་གྱུར་པས། ཁོ་རང་ཚོས་བོན་གྱི་གྲུབ་མཐའ་འབའ་ཞིག་མ་ཡིན་པར་བོད་ཁ་བ་ཅན་གྱི་རིག་གནས་ཀྱི་ལོ་རྒྱུས་སྟེང་མཛད་རྗེས་སྔ་ན་མེད་པ་བཞག་པ་ལ་སྙིང་ཐག་པ་ནས་ཡིད་ཀྱི་དང་བ་མི་སྟོན་པ་སུ། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་དུ། རྒྱལ་ཁབ་སྲིད་གཞུང་གིས་ལོ་བཅུའི་གཏོར་བརླགས་ཆེན་པོ་ལས་ཐར་བའི་རིག་གནས་ཀྱི་དངོས་རྫས་དང་ཡིག་ཆ་རྣམས་ཐོ་རུ་བཀོད་པའི་སྐབས་སུ་དགེ་འདུན་པ་རྣམ་གསུམ་གྱིས་བཀའ་འགྱུར་བྲིས་མ་དེ་ཕྱིར་བཏོན་ནས་དགོན་པར་ཕུལ།དཀར་མཛེས་ཁུལ་དང་ཉག་རོང་རྫོང་སྲིད་གཞུང་གིས་རིན་ཐང་དང་བྲལ་བའི་བཀའ་འགྱུར་བྲིས་མ་དེ་ལ་རྩིས་མཐོང་ཆེན་པོ་བྱས་པ་དང་། ལྷག་པར་དུ་པན་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དཀར་མཛེས་ཁུལ་དུ་ཆིབས་བསྒྱུར་གནངས་དུས་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་ལ་བཀའ་འགྱུར་བྲིས་མ་དེ་ལ་བརྩི་མཐོང་ཆེན་པོ་བྱེད་དགོས་པར་མ་ཟད་གང་མྱུར་ཅི་མགྱོགས་སྒོས་པར་དུ་སྐྲུན་ཏེ་དཔེ་རྒྱུན་སྤེལ་དགོས་པའི་གསུང་བཤད་ནན་ཏུ་གནངས་པའི་བཀའ་དྲིན་གྱིས། སྐབས་དེར་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པ་ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་བཞེས་ཤིང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་ཕྱག་རོགས་བླ་ན་མེད་པ་གནངས་པའི་བཀའ་དྲིན་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་རྒྱབ་སྐྱོར་གང་ལེགས་ཀྱི་མཐུན་རྐྱེན་ཚོགས་པས་གཡུང་དྲུང་བོན་གྱི་བཀའ་འགྱུར་བྲིས་མ་དེ་པར་དུ་བསྐྲུན་པའི་ལས་འགོ་བརྩམས། ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཆོག་ནི་ཡབ་ཚེ་དཔལ་དོན་གྲུབ་དང་ཡུམ་འོད་ཟེར་ལྷ་མོ་ལ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་ཁྱིའི་ལོར(༡༩༢༢)ཉག་རོང་རྒྱ་རྭའི་ཀ་རི་ཕུར་བ་ཟེར་བའི་གྲོང་གསེབ་ཀྱི་བ་ཚང་ལ་འཁྲུངས། ཡེ་ཤེས་དགོན་ནས་དགེ་ཚུལ་བསྒྲུབས་ཤིང་ཁུ་བོ་ཚུལ་ཁྲིམས་མཆོག་རྒྱལ་དང་མཁས་གྲུབ་དུ་མ་ལས་སློབ་གཉེར་གྱི་འགོ་བཙུགས། སྐབས་དེར་ཡེ་ཤེས་དགོན་དུ་གསང་སྔགས་གླིང་པ་མཆོག་ལས་བཀའ་འགྱུར་གྱི་དབང་མནོས་ཤིང་ཤར་རྫ་ཁྲོད་དུ་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ(༡༩༡༥-༡༩༥༤)ལས་སྔགས་རྫོགས་ཀྱི་དབང་ལུང་ཐམས་ཅད་མནོས་ཤིང་ཉམས་ལེན་དཔྱིས་ཕྱིན་པ་གནངས། གཞན་ཡང་ཀུན་གྲོལ་ཧཱུྃ་ཆེན་འགྲོ་འདུལ་གླིང་པ་དང་། ཟེར་འཕྲོ་རྟོགས་ལྡན་ཚུལ་ཁྲིམས། དབྲ་སྤྲུལ་དྲི་མེད་འོད་ཟེར་སོགས་མཁས་གྲུབ་གང་གི་ཞབས་རྡུལ་སྤྱི་བོར་བསྟེན་ནས་གསན་སྦྱང་ལས་ལ་ཆུ་བོའི་རྒྱུན་བཞིན་བསྐྱངས། ཉག་རོང་དུ་ལོག་ནས་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན (༡༨༩༨-༡༩༥༩)དང་མཁན་པོ་ཚུལ་ཁྲིམས་མཆོག་རྒྱལ་ལས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་ནས་བཟུང་ཡེ་ཤེས་དགོན་གྱི་བྱ་གཞག་ཐམས་ཅད་ལ་མི་ཞུགས་ཀ་མེད་བྱུང་། ལྷག་པར་དུ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་ཡེ་ཤེས་དགོན་བསྐྱར་དུ་བཞེངས་པའི་ལས་འགན་གཙོ་བོ་བཞེས་ནས་བཀའ་དྲིན་བླ་ན་མེད་པ་བསྐྱངས། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པའི་འགན་བཞེས་པའི་སྐབས་སུ། དཀར་མཛེས་ཁུལ་གྱི་གཡུང་དྲུང་བོན་གྱི་དགོན་པ་ཆུང་ཤས་ཁག་གི་བསྐྱར་བཞེངས་དང་གྲྭ་པའི་སློབ་གཉེར་བཅས་ལ་གཟིགས་སྐྱོང་གང་མང་གནང་ཞིང་བཀའ་དྲིན་བླ་མེད་བསྐྱངས། (༡༩༨༥)ལོར། ཨ་གཡུང་རིན་པོ་ཆེས་བོན་གྱི་བཀའ་འགྱུར་བྲིས་མ་དེ་པར་དུ་བསྐྲུན་རྒྱུའི་སྙན་ཞུ་ཕུལ་བ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་པ་དང་། སི་ཁྲོན་མི་རིགས་ཞིབ་འཇུག་ཁང་དང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་ཕྱག་རོགས་བླ་མེད་གནང་བའི་མཐུན་རྐྱེན་འོག་ཨ་གཡུང་རིན་པོ་ཆེས་མ་དངུལ་བཏང་ནས་བཀའ་འགྱུར་བྲིས་མ་དེ་པར་སྐྲུན་བྱས་པའི་ལས་འགོ་ཁྲིན་ཏུའུ་ནས་བཙུགས། ཐོག་མར་ཨ་གཡུང་རིན་པོ་ཆེས་བཀའ་འགྱུར་བྲིས་མ་དེའི་མདོ་སྡེ་པོ་ཏི་བཞི་བཅུ་དང་འབུམ་སྡེ་པོ་ཏི་དྲུག་ཅུ་རེ་གཉིས་གཡར་ནས་པར་དུ་བསྐྲུན། ཕྱིས་སུ་འགལ་རྐྱེན་དུ་མ་ཚོགས་པའི་དབང་གིས་ཁོང་ཆབ་མདོ་དང་སྡེ་དགེ ཉག་རོང་། ཤར་ཁོག་སོགས་ཀྱི་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ལ་ཕེབས་ནས་དཔེ་རྙིང་བྲིས་མ་དང་ཤིང་པར་གང་རུང་གཡར་ཏེ་སྔགས་སྡེ་དང་སེམས་སྡེ་གཉིས་ཁ་བསྐངས་ཏེ་པར་དུ་བསྐྲུན། དེའི་མདོ་སྡེ་ལ་པོ་ཏི་དྲུག་ཅུ་རེ་གསུམ་དང་། འབུམ་སྡེ་ལ་དྲུག་ཅུ་རེ་བདུན། སྔགས་སྡེ་ལ་པོ་ཏི་ཉི་ཤུ། སེམས་སྡེ་ལ་པོ་ཏི་བདུན་བཅས་ཁྱོན་སྡོམ་པོ་ཏི་བརྒྱ་དང་ལྔ་བཅུ་ང་བདུན་བཞུགས། དེ་ནི་བོན་པོའི་བཀའ་འགྱུར་གྱི་ཨ་གཡུང་པར་མ་ཟེར་བ་དེ་ཡིན། ཨ་གཡུང་པར་མ་དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གཡུང་དྲུང་བོན་གྱི་བཀའ་འགྱུར་གློག་པར་བརྒྱབ་ནས་པར་དུ་བསྐྲུན་པ་ཐེངས་དང་པོ་ཡིན་པར་མ་ཟད། ལྷག་པར་དུ་བཀའ་འགྱུར་གྱི་ཤིང་པར་དང་བྲིས་མ་ཐམས་ཅད་དུས་ཀྱི་འཕོ་འགྱུར་དུ་མ་ལས་ཐར་ཞིང་བྲིས་མ་འདི་གཅིག་པུ་ལྷག་པའི་གནས་ཚུལ་ཁྱད་པར་ཅན་གྱི་འོག་ཏུ་ཨ་གཡུང་པར་མ་འདི་ཀུན་གྱི་སྤྱན་ལམ་དུ་བཀྲམས་པས་བོད་ཀྱི་རིག་གནས་ལ་དོ་སྣང་ཆེན་པོ་ཡོད་པ་རྣམས་ཤིན་ཏུ་དགའ་བོ་བྱུང་། ཁྱད་པར་དུ་གསལ་བཤད་བྱ་དགོས་པ་ཞིག་ནི། ཨ་གཡུང་པར་མའི་ནང་དུ་གོང་སྨྲས་ཀྱི་མདོ་སྡེའི་པོ་ཏི་བཞི་བཅུ་ཐམ་པ་དང་འབུམ་སྡེའི་པོ་་ཏི་དྲུག་ཅུ་རེ་གཉིས་བཅས་ཀྱི་མ་ཡིག་དབལ་ཁྱུང་བྲིས་མ་ཡིན་པ་ལས་དེའི་འཕྲོ་མ་རྣམས་ཀྱི་མ་ཡིག་ནི་ཁོ་རང་གིས་མདོ་ཁམས་ཀྱི་དགོན་པ་རྣམས་འགྲིམས་ནས་གསར་དུ་གཡར་ཏེ་ཁ་བསྐངས་པ་ལགས་སོ།།
   ཨ་གཡུང་རིན་པོ་ཆེས་བླུ་མཁན་མང་པོ་མེད་པར་དོགས་པས་དཔེ་རྒྱུན་སྤེལ་བ་ཙམ་གྱི་ཆེད་དུ་ཕལ་ཆེར་ཚར་བརྒྱ་དང་སུམ་ཅུ་ཙམ་མ་གཏོགས་པར་དུ་བསྐྲུན་མེད། ཡིན་ན་ཡང་དེས་དགོན་པ་དང་སློབ་གྲྭ་དང་ཞིབ་འཇུག་ཁང་ལ་སོགས་པའི་རེ་བ་བསྐངས་མ་ཐུབ་པའི་རྐྱེན་གྱིས་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་ནང་དུ་རྔ་བ་རྟོགས་ལྡན་དགོན་གྱི་སྤྲུལ་སྐུ་བོན་བློན་ནམ་མཁའ་བསྟན་འཛིན་ལགས་ཀྱིས་རྔ་བ་ཁུལ་གྱི་ལི་རྫོང་དུ་ཡང་སྐྱར་ཚར་སུམ་བརྒྱ་ཙམ་པར་དུ་བསྐྲུན། པར་མ་དེས་གཙོ་བོ་ཨ་གཡུང་པར་མར་གཞིར་བཅོལ་བ་དང་དེར་ཡང་པོ་ཏི་ཁ་ཤས་བསྣན་པས་མཐར་པོ་ཏི་བརྒྱ་དང་དགུ་བཅུ་གོ་གཉིས་བཞུགས། དེ་ནི་བོན་བློན་པར་མ་ཡིན། བོན་བློན་རིན་པོ་ཆེ་ནི་རྔ་བའི་རྟོགས་ལྡན་དགོན་པའི་སྤྲུལ་སྐུ་རྣམ་གསུམ་ནང་གི་གཅིག་ཡིན་པ་དང་། ཁོང་གིས་བཀའ་འགྱུར་པར་དུ་བསྐྲུན་པ་མ་ཟད་སྟོན་པ་ཆུ་འཁོར་མ་དང་། ཁམས་ཆེན་བྱ་བྲིས་མ། དུང་དཀར་སེན་རྗེས་མ་སོགས་གཡུང་དྲུང་བོན་གྱི་རྟེན་བྱིན་ཆེན་གྲགས་ཆེན་རྣམས་སྲུང་སྐྱོབ་གནང་བ་དང་། དེང་སྐབས་ཡང་རྒྱལ་རོང་དུ་གཡུང་དྲུང་ལྷ་སྟེང་དགོན་དང་ཐེ་བོར་གཙོ་ཚང་དགོན་སོགས་སླར་གསོ་དང་སྐྱར་བཞེངས་གནང་ནས་བཀའ་དྲིན་མི་ཆུང་བ་བསྐྱངས། ཨ་གཡུང་པར་མ་དང་བོན་བློན་པར་མ་གང་ཡིན་རུང་། སྔ་མས་མདོ་འབུམ་གཉིས་ཀྱི་པོ་ཏི་བརྒྱ་དང་གཉིས་མ་གཏོགས་དབལ་ཁྱུང་བྲིས་མར་གཞི་བཅོལ་མེད་པས་བྲིས་མ་དེ་ཆ་ཚང་ཞིག་པར་མ་ཐུབ་པ་དང་འཕྲོ་མ་རྣམས་ཀྱང་ཐར་ཐོར་མཉམ་དུ་བསྡུས་པ་ཡིན་པ་དང་། ཕྱི་མས་པོ་ཏི་སུམ་ཅུ་སོ་བདུན་བསྣན་པ་མ་གཏོགས་སྔ་མ་ལ་སྣོན་འཕྲི་ཅི་ཡང་བྱས་མེད། གང་ལྟར་ཡང་པར་མ་དེ་གཉིས་པར་དུ་བསྐྲུན་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་སྤེལ་ཕྱོགས་ལ་བྱས་རྗེས་བཞག་ཡོད་པ་བཤད་མ་དགོས་མོད། འོན་ཀྱང་དེ་གཉིས་གང་ཡིན་ཡང་དབལ་ཁྱུང་བྲིས་མ་ཆ་ཚང་མ་ཡིན་པ་དང་ལྷག་པར་དུ་དུས་ཡུན་རིང་བ་དང་སྦས་སྐུང་དང་སྐྱེལ་འདྲེན་གྱི་དབང་གིས་མ་ཡིག་ལ་གཏོར་བརླག་མང་པོ་བྱུང་བས་གློག་པར་བརྒྱབ་པའི་ཡི་གེ་མི་གསལ་བ་མང་པོ་བྱུང་། རྒྱུ་མཚན་དེ་ལ་དགོངས་ནས། ཉག་རོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་དབུ་འཛིན་གཞོན་པའི་ལས་འགན་བཞེས་ཡོད་པའི་ཀུན་གྲོལ་སྨོན་རྒྱལ་ལྷ་སྲས་མཆོག་གིས་པོ་ཏི་བརྒྱ་ཕྲག་དུ་མ་བཞུགས་པའི་བཀའ་འགྱུར་དེའི་ཤོག་ལྷེ་རེ་རེ་གཙང་སྦྲ་དང་གློག་པར་གྱི་སྤྱིན་ཤོག་སྟེང་ནས་ཆད་མཐུད་དང་བར་འབྱེད་ཀྱི་ལས་འགོ་ཁྲིན་ཏུའུ་ནས་བཙུགས། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་ལམ་ལྷ་སྲས་རིན་པོ་ཆེ་ནི་ཀུན་གྲོལ་སྐུ་ཕྲེང་དྲུག་པ་ཧུཾ་ཆེན་འགྲོ་འདུལ་གླིང་པའི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་གི་ལོར(༡༩༣༨)སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་བཟུང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་སྐུ་ཚའམ་སྐབས་དེའི་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ(༡༩༡༥-༡༩༥༤)དང་དེང་སྐབས་ཀྱི་ཤར་རྫའི་རྒྱལ་ཚབ་ལས་ཐོག་པ་མཐུ་སྟོབས་རྣམ་རྒྱལ(༡༩༢༦)གཉིས་ལས་འབྲི་ཀློག་སྦྱངས། ཕྱིས་སུ་མདོ་སྔགས་རྫོགས་པ་གསུམ་གྱི་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ནས་གསན་སྦྱོང་གནང་བ་དང་ལྷག་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་དུ་མཐོང་བའི་སྔགས་རྫོགས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། ལྷ་སྲས་ཀུན་གྲོལ་མི་ཕམ་རྣམ་རྒྱལ་གྱིས་སྨོན་རྒྱལ་དགོན་དང་དབལ་ཁྱུང་དགོན་ནས་དགེ་འདུན་པ་བཅོ་ལྔ་ཙམ་ཁྲིན་ཏུའུ་གྲོང་ཁྱེར་དུ་གདན་དྲངས་ཏེ། དབལ་ཁྱུང་བྲིས་མའི་ཤོག་ལྷེ་རེ་རེ་པར་བརྒྱབ་པའི་སྤྱིན་ཤོག་སྟེང་ནས་སུག་རིས་ཀྱི་ཆད་པ་མཐུད་ཅིང་བར་ཕྱེས་པ་དང་། གློག་པར་གྱི་སྤྱིན་ཤོག་སྟེང་དུ་མི་གསལ་བའི་ཡིག་རིས་ཐམས་ཅད་མ་ཡིག་དང་ཐོ་གཏུགས་ནས་སྐྱར་འབྲི་གནང་བ་ལ་སོགས་པའི་ཕྱག་ལས་ཤིན་ཏུ་ཞིབ་ཆ་ཅན་ལོ་འཁོར་དྲུག་གི་རིང་ལ་བསྐྱངས་ཏེ། མཐར(༡༩༩༨)ལོར་གཡུང་དྲུང་བོན་གྱི་བཀའ་འགྱུར་དབལ་ཁྱུང་བྲིས་མ་ཆ་ཚང་ཞིག་པར་དུ་བསྐྲུན། པར་མ་དེ་ནི་ལྷ་སྲས་རིན་པོ་ཆེས་གཙོ་སྒྲིག་གི་འགན་བཞེས་ནས་པར་དུ་བསྐྲུན་པས་དེ་ལ་ལྷ་སྲས་པར་མ་ཟེར། ལྷ་སྲས་པར་མ་ལ་ཁྱོན་སྡོམ་པོ་ཏི་བརྒྱ་དང་བདུན་ཅུ་དོན་བརྒྱད་བཞུགས་ཏེ། མདོ་སྡེ་ལ་པོ་ཏི་བདུན་ཅུ་དོན་བཞི་དང་། འབུམ་སྡེ་ལ་པོ་ཏི་བདུན་ཅུ་ཐམ་པ། སྔགས་སྡེ་ལ་པོ་ཏི་ཉི་ཤུ་ཉེར་དྲུག་དང་སེམས་སྡེ་ལ་པོ་ཏི་བརྒྱད་བཅས་སོ། ལྷ་སྲས་རིན་པོ་ཆེས་ལས་ཀའི་དཀའ་ཚེགས་དང་ཁྲིན་ཏུའུ་ཚ་བ་ལ་མ་འཛེམ་པར་ལོ་འཁོར་དྲུག་གི་རིང་ལ་དཀའ་བ་སྤྱད་པར་མ་ཟད། བགེགས་བར་ཆད་བསམ་ཡུལ་ལས་འདས་པའང་ཁྱད་དུ་བསད་དེ་མཐར་བཀའ་འགྱུར་དབལ་ཁྱུང་བྲིས་མ་དེ་ཆ་ཚང་ཞིག་པར་དུ་བསྐྲུན་པ་དེས་ཀྱང་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་བྱེད་པར་མཛད་རྗེས་བླ་ན་མེད་པ་བཞག་པར་གདོན་མི་ཟའོ།།
   གཞན་ཡང་གཡུང་དྲུང་བོན་གྱི་བཀའ་འགྱུར་འདི་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་གཞིས་བྱེས་བོད་འབངས་རྣམས་ཀྱིས་རེ་སྨོན་གྱིས་གསེར་ཞལ་མཇལ་བའི་གསོལ་བ་བཏབ་པ་ལྟར་བོད་ཡུལ་དུ་བྱོན་པ་དང་བོད་ཡུལ་དུ་བསྟན་འགྲོའི་དོན་ཆེན་གེགས་མེད་དུ་གྲུབ་པའི་རྗེས་སུ་སྨན་རིའི་ཡོངས་འཛིན་དང་། བལ་ཡུལ་ཁྲི་བརྟན་ནོར་རྩེའི་མཁན་པོ་ཉི་མ་དབང་རྒྱལ་རྣམ་གཉིས་ཀྱིས་རྒྱལ་བའི་བཀའ་འགྱུར་ཆ་ཚང་ཚར་གཉིས་བལ་ཡུལ་བོན་དགོན་དུ་གདན་འདྲེན་ཞུས་པ་དེ་ནི་ལོ་རྒྱུས་ཐོག་བལ་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་བའི་ལོ་རྒྱུས་ཡོད་ཀྱང་བོན་པོའི་བཀའ་འགྱུར་ཆ་ཚང་བཞུགས་པའི་ལོ་རྒྱུས་མཐོང་ཐོས་ཆེར་མེད་པས། འདི་ནི་བལ་ཡུལ་གྱི་མངའ་ཁོངས་སུ་བོན་གྱི་བཀའ་འགྱུར་ཆ་ཚང་བྱུང་བའི་ཐོག་མ་དེ་ཡིན། དེ་རྗེས་སྤྱི་ལོ་(༡༩༩༤)ལོར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་དཔོན་གསས་བླ་མ་སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་བོད་འབངས་ཡོངས་ཀྱི་རེ་སྨོན་ཞུས་པ་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་སྐབས། སྐྱབས་རྗེ་རིན་པོ་ཆེའི་གཙོ་འཁོར་རྣམས་ཀྱིས་བཀའ་འགྱུར་རིན་པོ་ཆེའི་ཚར་གསུམ་རྒྱ་གར་སྨན་རི་དགོན་དུ་གདན་ཞུས་གནང་བ་རེད། དེ་ཡང་སྟོད་རྒྱ་གར་ཡུལ་དུ་གཡུང་དྲུང་བོན་དར་བའི་ལོ་རྒྱུས་ཡོད་ཀྱང་བོན་གྱི་བཀའ་འགྱུར་ཐོག་མར་བྱུང་བ་འདི་ཡིན་སྙམ། ཟུར་བཀོད(དེང་གི་ཆར་ཡང་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་རྒྱ་མཚོ་ནོར་བུའམ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་བསྟན་འགྲོ་སྤྱི་ཕན་གྱི་གཞི་མ་བྱས་ཏེ། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་རྣམས་ཉམས་གསོ་དང་དར་སྤེལ་ཐུབ་ན་སྙམ་པའི་ཁོང་གི་སྔར་ཡོད་ཀྱི་དགོངས་གཞི་དང༌། བླ་སྤྲུལ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་རེ་སྐུལ་བཞིན། ཡོངས་འཛིན་སྨྲ་བའི་དབང་པོར་བཀའ་འདྲི་ཞུས་པར་དེ་མ་ཐག་ཏུ་ལེགས་གསོལ་བྱིན་ཞིང་ཟུར་གསལ་གྱི་དཀར་ཆག་བསྐུར་གནང་བ་ལ་གཞི་བཟུང་སྟེ། སྤྱི་ལོ(༢༠༠༢)ལོ་ནས་བཟུང་མ་ཡིག་འཚོལ་བསྡུ་དང་ཞིབ་བཤེར་མཛད་འགོ་ཚུགས་པ་དང༌། སྔ་རྗེས་སུ་གཡུང་དྲུང་རྒྱལ་བ་དང༌།གཤེན་སྲས་ནོར་བུ་དབང་རྒྱལ། ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་སོགས་གཡུང་དྲུང་བོན་གྱི་བླ་སྤྲུལ་མང་པོ་ཞིག་དང་བཀའ་འདྲི་སྙན་གསོལ་ཕུལ་བར་ལམ་སྟོན་གནང་བའི་ལེགས་ཆ་རྣམས་བསྡུས་རྗེས། སྟེང་ཆེན་རྫོང་མི་རིགས་ཆོས་དོན་ཅུད་དང༌། ཆབ་མདོ་ས་ཁུལ་ཆོས་དོན་ཅུད། ནང་བསྟན་མཐུན་ཚོགས་བཅས་ཀྱི་ཆོག་མཆན་ཐོབ།དེ་ནས་སྤྱི་ལོ(༢༠༠༦)ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ཏེ་མིག་དམར་ཐ་སྐར་འགྲུབ་སྦྱོར་ཉིན། ཡོངས་འཛིན་རིན་པོ་ཆེའི་དགོངས་བཞེད་དཀར་ཆག་ལྟར་གཡུང་དྲུང་བོན་གྱི་བཀའ་བརྟེན་སྤུས་ལེགས་ཚད་ལྡན་ཞིག་ཕྱོགས་བསྒྲིགས་དག་བཞེངས་ཀྱི་མཛད་འཕྲིན་རླབས་པོ་ཆེའི་དབུ་བསླངས་ཏེ། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ལྷན་ཚོགས་ཀྱི་ལྟེ་གནས་རྩོམ་སྒྲིག་ཁང་གི་འཆར་གཞི་ཇུས་འགོད་སོགས་གཙོ་འགན་བཞེས་མཁན་རྣམ་པའི་མཛུབ་སྟོན་འོག མ་དཔེ་འཚོལ་བསྡུ་ཚན་ཁག གློག་ཀླད་ཡིག་བཏགས་ཚན་ཁག ལེགས་བསྒྲིགས་ཞུས་དག་ཚན་ཁག ལས་ཞིབ་ལྟ་སྐུལ་ཚན་ཁག་སོགས་ཡན་ལག་ཚན་ཁག་མང་པོ་སྒྲིག་འཛུགས་མཛད། དེ་ལྟར་བླ་མ་འོད་ཟེར་སྤྱིན་པ་མཆོག་གིས་གཙོ་འགན་བཞེས་པའི་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་རྩོམ་སྒྲིག་ཁང་གིས་དཔེ་ཆ་འཚོལ་བསྡུ་དང༌། བཀའ་འདྲི་དང་ཞིབ་བསྡུར་བྱས་མཐར།ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་རྩོམ་སྒྲིག་ཁང་དང༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང༌། ཁྲིན་ཏུའུ་ཁྲི་ལོ་ཚོན་དཔར་འགན་འཁྲི་ཚད་ཡོད་ཀུང་སི་བཅས་ཕྱོགས་གསུམ་གྱིས་གྲོས་ཆོད་གན་རྒྱར་མིང་རྟགས་བཀོད་པ་དང་གཡུང་དྲུང་བོན་གྱི་བཀའ་རྟེན་དཔེ་རྙིང་ཕྱོགས་བསྒྲིགས་ལྷན་ཚོགས་ནས་མ་རྩ་དང་འགྲོ་གྲོན་ཡོངས་རྗོགས་བཏང་བ་སོགས་དཔར་འདེབས་དང་འགྲེམས་སྤེལ་ཆོག་པའི་འགྲོ་ལུགས་ཚད་ལྡན་ཅན་དུ་གྱུར། དཔེ་ཆའི་ཡིག་གཟུགས་ནི་བྲིས་གཟུགས་ཡག་ཤོས་དང་གསལ་ཤོས་རྣམས་རང་འཇགས་སུ་བྱས། རུལ་སྐྱོན་ཤོར་བ་དང༌། བྲིས་གཟུགས་མི་ལེགས་པ། ཡིག་འབྲུ་མི་གསལ་བ། ལེའུ་ཚན་ཆད་པ་རྣམས་གསར་དུ་ལག་བྲིས་བྱས་ཏེ་བཞེངས། དཔེ་ཆ་དཔར་ལེན་དང༌། སྤྱིན་ཤོག་ཕབ་སྐྲུན། གློག་ཀླད་སྒྲིག་བཟོ། གཙང་སེལ་སོགས་ལས་ཀའི་སྤུས་ཚད་ལ་ལྟ་སྐུལ་ནན་པོ་མཛད་པ་སོགས་མདོར་ན་ལས་གཞི་འདིའི་སྔ་རྗེས་བར་གསུམ་དུ་བླ་མ་མཆོག་གིས་གཙོར་བྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་ལས་སྣེ་ཡོངས་ཀྱིས་ཞིབ་ཚགས་དང་འབད་བརྩོན་བྱས་མཐར་སྤྱི་ལོ(༢༠༠༩)ལོའི་དཔྱིད་ཀར་ཟུར་གསལ་དཀར་ཆག་བཞིན་དཔར་སྐྲུན་ལེགས་གྲུབ་བྱུང་བ་སྟེ་གཡུང་དྲུང་བོན་གྱི་དཔེ་རྙིང་གི་ཆ་ཤས་ཤིག་སྟེ་པོད་ཆེན་པོ་གྲངས་ཀ(༡༡༠)ཅན་དང་། ལྡེབ་གྲངས(༥༦༧༨༤)ཡོད་པའི་བརྟེན་འགྱུར་སྤུས་ལེགས་ཚད་ལྡན་ཚར་གྲངས་སྟོང་ཕྲག་གཉིས་ལྷག་ཙམ་ཞིག་དད་ལྡན་རྣམས་ཀྱི་མིག་ལམ་དུ་མངོན། དེས་གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་དགུང་ལ་འདེགས་བྱེད་ཀྱི་བཀའ་བརྟེན་དཔེ་སྐྲུན་གྱི་འཕྲིན་ལས་རླབས་ཆེན་དེ་ལེགས་གྲུབ་བྱུང་བར་དད་ལྡན་ཀུན་གྱིས་དགའ་འབོད་བྱེད་བཞིན་ཡོད་པ)བཅས་སོ།།
   མདོར་དྲིལ་ན་རང་རེ་ཞྭ་དཀར་གཡུང་དྲུང་བོན་གྱི་བཀའ་འགྱུར་པར་དུ་བསྐུན་རྒྱུའི་རྒྱུ་ཆ་ཐོག་མ་སྐྲུན་པ་འདི་ནི་མཆོག་སྤྲུལ་དབང་གི་སྒྲོན་མའི་གར་རོལ་མཁའ་སྤྱོད་དབང་མོའི་གཙོས། བོན་པོའི་བཀའ་འགྱུར་སྦས་སྲུང་གི་དོན་དུ་རང་སྲོག་བློས་བཏང་གི་བྱ་བ་ཆེན་པོ་ཞུགས་མཁན་ཁམས་ཉག་རོང་གི་བོན་པོ་རྣམས་ཀྱིས་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པས་དེ་རྣམས་ཀྱི་བཀའ་དྲིན་རྗེས་སུ་བཟུང་ནས་ཁོང་རྣམས་ཡངས་བའི་ཞིང་ཁམས་གང་དུ་བཞུགས་ཀྱང་ཚེ་བསོད་ནམ་མཁའི་མཐའ་དང་མཉམ་ཞིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་གྲུབ་པ་དང་། བསྟན་བདག་གཤེན་གྱི་དྲུང་དུ་མྱུར་དུ་སྐྱེ་བའི་སྨོན་པ་དང་བཅས་ལེགས་བྱས་རླབས་པོ་ཆེ་འདི་ལ་བསམ་ན་ལེགས་པའི་བསྔགས་བརྗོད་མི་བྱེད་པ་ཅི་ལ་སྲིད་སྙམ་པའི་ངང་ནས་རེ་ཞིག་མཇུག་བསྡུས་པའོ།།

-------------------------------------------------------------------------------------------------------
ལུངས་ཁུངས།
①《དེབ་ཐེར་དཀར་པོ》དགེ་འདུན་ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། P.24
②《དཔེ་རྩིས་མུན་སེལ་སྒྲོན་མེ 》ཤེས་རབ་དཔལ་གྱི་བརྩམས། ཀུན་གྲོལ་དཀར་ཆག་ལྷན་ཐབས་སུ་བཞུགས་ཡོད། P.184

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག