ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> བོན་དང༌། བོན་པོ། གཡུང་དྲུང་བོན་ཞེས་བྱ་བའི་སྐོར་ཅུང་ཙམ་གླེང་བ།
བོན་དང༌། བོན་པོ། གཡུང་དྲུང་བོན་ཞེས་བྱ་བའི་སྐོར་ཅུང་ཙམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཆུ་མདོ་པད་མ་བཀྲ་ཤིས།] [ཟླ་ཚེས། 10-11-26] [ཀློག་གྲངས། ]

   བོན་ཞེས་པའི་ཐ་སྙད་དེའི་གོ་དོན་ཐད་ལ་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་བ་སོ་སོར་བཞེད་ཚུལ་མི་འདྲ་བ་རེ་ཡོད། དེ་ཡང་བོན་གྱི་དཔེ་རྙིང་ཚད་ལྡན་འགའ་ཞིག་ལ་གཞིགས་ན་གོ་དོན་ངེས་ཅན་ཞིག་ཡོད་པ་ནི་གསལ་བོར་བསྟན་ཏེ། 《མདོ་གཟེར་མིག》ལས། གཤེན་རབ་ཀྱིས་བཀའ་སྩལ་བ། གཡུང་ཞེས་བྱ་བ་དོན་ལས་མི་ཡེངས་པ། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ། བོན་ཞེས་བྱ་བ་དབྱིངས་ཉིད་བདལ་བའི་ཀློང་ཞེས་དང༌། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ལས། བོན་ནི་མི་གཡོ་སྐྱོབ་པའི་སྒྲ་ཞེས་དང༌། མི་གཡོ་བ་མཚན་མར་མི་གཡོ་བ་སྟེ། སྡེ་སྣོད་མཐའ་དག་གི་དགོངས་པ་གཅིག་ཏུ་སྟོན་པ། སྐྱོབས་པ་ནི་འགྲོ་བ་སྐྱོབ་པའོ་ཞེས་དང༌། ཡང་མཁས་བ་ལ་ལས་བོན་ཞེས་བྱ་བ་ནི་སྟོང་བ་མ་ཡིན་པའི་དོན་ཞེས་གསུངས་འདུག གོང་གསལ་མཁས་བ་རྣམས་ཀྱིས་བོན་ཞེས་པའི་ཐ་སྙད་ཀྱི་འགྲེལ་བཤད་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དཔྱད་པར་བརྟག་ན། བོན་བྱ་བའི་མཚན་ཉིད་ཀྱི་གཞི་འཛིན་ས་ནི་སྟོན་པ་གཤེན་རབ་ཀྱིས་ལུང་ཕོགས་པའི་གཡུང་དྲུང་བོན་གྱི་གྲུབ་མཐའ་རྣལ་མ་ཐོག་ནས་སྦྱར་བ་རང་ཡིན་པས། བོན་བྱ་བའི་ཐོག་མའི་འབྱུང་ཁུངས་ལ་བརྟག་ན་བོན་ཞེས་པའི་ཐ་སྙད་དེར་དེ་ལས་ལྷག་པའི་གོ་བ་ལེན་རྒྱུ་ཞིག་ཡོད་དགོས་པ་ཡིན།
    སྤྱིར་བོན་ཞེས་པའི་ཐ་སྙད་འདི་ལ་ལོ་ངོ་ཁྲི་ཕྲག་འགའ་ཞིག་གི་སྔོན་རོལ་དུ་གངས་ཅན་ཁ་བའི་ལྗོངས་སུ་རྒྱ་ཁྱབ་ཏུ་དར་བ་ཡོད་ལ། སྐབས་དེར་བོན་འདིར་སྲིད་པའི་ཆོས་ལུགས་སམ་ཡང་ན་ཡུལ་ལུགས་ཞིག་གང་ཡིན་ཡང༌། དེ་ལ་དད་པའམ་ཉམས་ལེན་བྱེད་མཁན་གྱི་སྐྱེ་བོ་ཀུན་པོ་ལ་བོན་པོ་ཞེས་བཤད་དེ། 《མདོ་གཟེར་མིག》ལས། གཤེན་རབ་ཀྱིས་ཞང་ཞུང་གི་བོན་པོ་ལ། བོན་དུ་ཙོ་དང་སྔགས་ཀྱི་ལུང་ཕོག ཡས་སྟགས་སུ་མུ་ཟེར་ལྷ་ཞལ་དང་ནམ་མཁའ་དཀའ་ནག་བསྟན། བོད་ཀྱི་བོན་པོ་ཐམས་ཅད་ཀྱང༌། བསྟན་པ་བཞག་པའི་ད་རུང་གནས་མེད་པས། རྟ་ཡི་རྗེས་སུ་གཙང་པོའི་གཞུང་ལ་ཞོན་ཏེ། ཡས་མས་གཤེགས་སོ་ཞེས་དང༌། ཡང་གཤེན་རབ་ཀྱིས་སྐྱེ་བ་བཞེས་པའི་སྐོར་དུ་སྔོན་སྨོན་ལམ་འགྲོ་བའི་དོན་ལ་འཁོར་རྣམ་པ་གསུམ་སྟེ། འཁོར་བའི་དང་པོ་ལ་སོགས་དང༌། ། འཁོར་འབྲིང་པོའི་བར་གཡེན་གཏོད་པོ་དགུའི་བོན་པོ་དང༌། འཁོར་ཐ་མའི་ས་གཡེན་ཆེ་བ་བཅུ་གཅིག་གི་བོན་པོ་སོགས་གཟིགས་ནས་བཀའ་སྩོལ་པ་སོགས་བསྟན་ཡོད་པས། ཞང་བོད་མཐོ་སྒང་གི་ཡུལ་ན་བོན་པོ་མི་འདྲ་བ་དེ་དག་ནི་གཤེན་རབ་མི་བོའི་བསྟན་པ་མ་དར་གོང་དུ་གངས་ཅན་ཡུལ་དུ་འཚོ་གཞིས་ཡོད་པ་མ་ཚད། བོན་པོ་སོ་སོའི་ལས་ཀྱི་བྱེད་སྒོ་ཡང་བྱེད་ལས་མི་འདྲ་བ་མང་པོ་ཡོད་དེ། དཔེར་ན། 《བོན་གྱི་བསྟན་འབྱུང་》ལས། བོད་དང་ཞང་ཞུང་གི་ཡུལ་ལ་མ་སངས་གཉན་གྱིས་དབང་མཛད་དེ། དེ་རྗེས་འཕྱེ་བོ་ཀླུ་ཡིས་དབང་བྱས་ཏེ། མཚོ་རྫོང་ཆུ་ཀླུང་ནེའུ་གསེང་ལ་གནས་བཅས། འགྲོ་བ་མི་དང་འགྲོགས་བསྡེབས་དཔལ་ཁ་བསྐྱེད། སྤྲིན་སྡུག་ཆར་འབེབས་རྩི་ཤིང་ལོ་འབྲས་བསྐྱེད། མི་རྣམས་མནོལ་བཙོག་བྱས་ཚེ་ཀླུས་གནོད་བྱེད། དེ་བཅོས་ཀླུ་འབུམ་ཀླུ་ཆོག་ལ་སོགས་དར། ཞེས་དེའི་སྐབས་ལ་བཅོས་ཀླུ་ཆོག་ལས་སོགས་ཡོད་པར་བསྟན་པ་དང༌། ཡང་དེ་ལས། དེ་རྗེས་བདུད་དང་སྲིན་མོ་དབང་བྱས་ཤིང༌། མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོའང་མང༌། འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ། འདི་འདྲའི་སྲོལ་ནི་ཤིན་ཏུ་ཡུན་རིང་པོའི་བར་ཡོད་པའི་ལུགས་ཡིན་ལ་ཞེས་བརྗོད་པས། དེའི་དུས་སུ་ཞང་ཞུང་ཡུལ་དང་བོད་ཡུལ་གང་ཡིན་ཡང་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ཟེར་བར་དཀའ་བས། ཡུལ་ཕྱོགས་དེར་ཆེས་སྔ་མོའི་འདོད་པའི་ཤེས་རིག་ཞིག་དར་ཡོད་པ་ནི་མངོན་གསལ་རེད། ཤེས་རིག་དེ་ནི་ཞང་བོད་མཐོ་སྒང་གི་མི་རྣམས་ཀྱིས་རྒྱུན་དུ་དད་པ་ཡིད་ཆེས་དང་འདུན་པའི་རྟེན་བྱེད་པར་འཁྱོངས་ཡོད་སྟབས། གཡུང་དྲུང་བོན་དང་ཐུབ་པའི་ཆོས་སོགས་གང་ཡང་མ་ཡིན་པའི་སྲིད་པའི་ལུགས་སྲོལ་ཞིག་ལ་ངོས་འཛིན་དགོས། མཐོ་སྒང་གི་བོན་པོ་དེ་ཚོས་ཡུལ་ལུགས་དེ་ལ་བརྟེན་ནས་རང་གཞན་གྱི་ནད་སོགས་ལ་འགལ་རྐྱེན་བྱུང་ན་བསལ་བ་དང༌། གནོད་བྱེད་ལ་མཐུ་གཏོང་བ། ཡར་ལྷ་དང་བླ་ཟོག་གསོལ་བ། མར་འདྲེ་དང་སྲི་གནོན་པ། དམར་མཆོད་བྱེད་པ། བྱ་དང་རི་དྭགས་ཀྱི་སྐད་གདངས་ལ་གཞིགས་ནས་ལེགས་ཉེས་བླང་དོར་གྱི་དབྱེ་བ་སོགས་དྲག་ཞན་གྱི་ལས་སོགས་སྒྲུབ་བཞིན་ཡོད་དོ།།
   ཡོངས་གྲགས་ཀྱིས་ཤེས་གསལ་ལྟར་ན། བོད་ཡུལ་ལ་གཉའ་ཁྲི་བཙན་པོའི་སྐབས་སུ་གཡུང་དྲུང་བོན་ཞང་ཞུང་ནས་དར་བ་འདོད་དེ། གཤེན་རབ་སྟོན་པས་རང་གི་བསྟན་པ་ཡུལ་ཕྱོགས་གཞན་ཞིག་ན་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ན་ངེས་པར་དུ་ཡུལ་ཕྱོགས་དེའི་ཤེས་རིག་ལ་རྟེན་དགོས་ལ། ཡུལ་ཕྱོགས་དེའི་ཤེས་རིག་གི་ཆུ་རྒྱུན་གྱིས་རང་གི་བསྟན་པའི་གྲུ་གཟིངས་ལ་ཆུ་བཅད་པ་དང་མཚོ་བརྒལ་ངེས་པ་སོགས་ནི་འཇིག་བརྟེན་གྱི་ཆོས་ཉིད་ཡིན་པས། གཤེན་རབ་མི་བོ་བོད་དུ་བྱོན་དུས་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ། འདྲེ་བཀར་བ། ཡུག་ཕུད་པའི་ལུང་ཕོགས་ཞེས་པ་ལ་བོན་གྱི་ལོ་རྒྱུས་ཡོངས་གྲགས་སུ་རྒྱ་ཁྱབ་ཡོད་པར་ལྟ་ཅི་སྨོས། ། སྟོན་པས་ལུང་ཕོགས་པའི་བོད་ཀྱི་བོན་པོ་དེ་དག་སྔོན་ནས་བོན་པོའི་ཐ་སྙད་ཡོད་པ་ཡིན་པས་སྟོན་པས་ལུང་ཕོགས་པའི་རྒྱུ་མཚན་ཡོད་དགོས་ཏེ། བོན་གྱི་དཔེ་རྙིང་《སྲིད་པ་སྤྱི་མདོས》ལས། བདུད་བོན་གྱི་དམར་ཐབས་ལ། གཤེན་རབ་ནི་ཅི་དགྱེས་ཏེ། ཁྱབ་པ་ནི་ཆོམ་ལ་ཕབ། འབྲུ་དཀར་གྱིས་གཏོར་མས་མཆོད། དམར་ཐབས་ལ་འདྲེས་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། གདོད་བོན་གྱི་ཤེ་ཚུའི་སྐྱེམས། གཤེན་རབ་ནི་ཅི་དགྱེས་ཏེ། གདོན་འདྲེ་ནི་ཆོམ་ལ་ཕབ། འབྲུ་དཀར་ནི་ཡུ་ཏིས་མཆོད། ཤེ་ཚ་ཡི་འདྲེས་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ་ཞེས་སྟོན་པ་མ་བྱུང་གོང་ན་བོད་ཡུལ་ལ་བདུད་བོན་དང༌། གདོན་བོན་ཡོད་པ་དང༌། དེ་དག་གིས་དམར་མཆོད་བྱེད་སྲོལ་ཡོད་པ་ལ་གཤེན་རབ་མ་དགའ་ནས་བདུད་བོན་དང་གདོན་བོན་རྣམས་ཆོམ་ལ་ཕབ། དེ་དག་གི་སྤྱོད་ཚུལ་དུ་སེམས་ཅན་གྱི་རིགས་འགའ་ཞིག་བསད་ནས་ཤ་རུས་ཀྱི་མཆོད་པ་བྱེད་སྲོལ་ཡོད་པ་དེ་དག་གི་ཚབ་ཏུ་འབྲུ་དཀར་གྱི་གཏོར་མས་འཐུས་པར་བྱས་པ་དང༌། ཤེ་ཚུ་སྟེ་ཁྲག་གི་སྐྱེམས་འབུལ་སྲོལ་ཡོད་པ་དེའི་ཚབ་ཏུ་ཡུ་ཏི་སྟེ་འབྲུ་ཆང་གིས་འཐུས་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་བཏོད་མཛད་པ།༼༡༽ཞེས་གསུངས་ཡོད་པས། བོན་དང་བོན་པོའི་ཐ་སྙད་འཇུག་པ་ཙམ་གྱིས་བོན་གྱི་ངོ་བོ་གཅིག་པ་དེ་ཐམས་ཅན་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གཡུང་དྲུང་བོན་གྱི་གྲུབ་མཐའ་དེ་ཉིད་ཡིན་ཟེར་ན། སྒྲུབ་བྱེད་དུ་འགྲོ་དཀའ་སྙམ། གཤེན་རབ་མི་བོ་ཆེའི་བསྟན་པ་མ་དར་གོང་ཞང་བོད་མཐོ་སྒང་གི་བོན་དང་བོན་པོའི་ཤེས་རིག་དང༌། གཤེན་རབ་མི་བོ་ཆེའི་བསྟན་པ་དར་བའི་རྗེས་ཀྱི་བོན་དང་བོན་པོའི་ཤེས་རིག་སོགས་ལ་ཁྱད་པར་ངེས་ཅན་ཞིག་ཡོད་དགོས་པ་དང༌། དེ་ཡང་བོན་དང་བོན་པོ་ལ་ཡང་ཡ་ཐོག་སྲིད་པའི་ཡུལ་ལུགས་འཛིན་པའི་བོན་དང༌། སྟོན་པ་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གཡུང་དྲུང་བོན། ཡ་ཐོག་སྲིད་པའི་ཡུལ་ལུགས་ལ་དད་པའང་ཉམས་ལེན་བྱེད་པའི་བོན་པོ་དང༌། སྟོན་པ་གཤེན་རབ་ཀྱི་གཡུང་དྲུང་བོན་གྱི་གྲུབ་མཐའ་ལ་དད་པའམ་ཉམས་ལེན་བྱེད་པའི་བོན་པོ་སོགས་ཀྱི་ཁྱད་པར་ནི་སྟོན་པས་འགྲོ་འདུལ་གྱི་འོད་ཟེར་སྤྲོས་ཡོད་མེད་ཀྱི་ཁྱད་པར་ཡོད་དགོས། མདོ་དྲི་མེད་གཟི་བརྗིད་ལས། ནོར་འཁྲུལ་ལྷག་ཆད་རྒྱལ་བའི་ལུང་དང་འགལ།། ལོང་འགལ་ལོག་པའི་བོན་གྱིས་སངས་མི་རྒྱས། །ཞེས་གསུང་བ་དང༌། གཤེན་རབ་བདུད་ཀྱིས་ཆོ་འཕྲུལ་བསྟན་པའི་ནང་དུ། གཤེན་རབ་ཀྱིས་བདུད་ཀྱི་རྗེར་དབང་བསྡུས་ནས་བདུད་ཀྱི་བོན་པོ་རྣམས་གཤེན་རབ་ལ་དད་པ་སྐྱེས་ནས་འདི་སྐད་ཅེས་སྨྲས་ཏེ། བོན་ལ་རྫུན་པའི་སྐུར་བ་ཡེ་མ་འདེབས། དད་པ་སྐྱེས་ལ་བོན་ལ་སྐྱབས་སུ་གསོལ། ཐར་བའི་བདེ་གནས་ཐོབ་པར་གདོན་མི་ཟ། བོན་པོ་བོན་མི་སྤྱོད་པ་བདུད་ཀྱི་རིགས་ཉིད་ཡིན། ཞེས་ང་ཚོས་དེ་འདྲའི་ཚུལ་སོགས་ལ་ཞིབ་ཏུ་མ་བརྟག་ན། དེང་སང་བོད་མི་རྣམས་ཀྱིས་ཡ་ཐོག་ཞང་བོད་མཐོ་སྒང་གི་རང་བཞིན་དུ་རྒྱུན་མ་ཆད་པའི་ཤེས་རིག་གམ་ཡང་ན་ཡུལ་གྱི་གོམས་ལུགས་ངན་པ་ཐར་ཐོར་བེད་སྤྱོད་དང་སྤྱད་བཞིན་ཡོད་པའི་ཚུལ་དང༌། ཀུན་མཁྱེན་རྒྱལ་བ་བཀའ་ལས་བྱུང་བའི་ཚུལ་སོགས་ཀྱི་རྣམ་པ་ཤེས་དཀའ་ལ། དེ་འདྲ་མི་བྱེད་པར་བོན་པོ་ཡིན་ཟེར་བ་དང་ཆོས་པ་ཡིན་ཟེར་བའི་མི་ཞིག་གིས་སྒོ་གསུམ་གང་རུང་གི་སྤྱོད་ཚུལ་ཙམ་ལ་བརྟེན་ནས་ཆོས་ལུགས་ཀྱི་གྲུབ་མཐའ་དེ་ལ་འདི་ལྟ་བུ་བྱས་སོགས་ཞེས་ལས་སླ་བའི་སྒོ་ནས་ཐ་སྙད་འདོགས་པ་ནི་ཤིན་ཏུ་མི་རིགས་སོ། །
  དེ་ཡང་བོན་ཞེས་བྱ་བའི་ཐ་སྙད་ཀྱི་གོ་དོན་དངོས་གང་ཡིན་ཟེར་ན། མཁས་པ་ལ་ལས་བོན་ནི་བོད་ཀྱི་བརྡ་རྙིང་ཞིག་ཡིན་པ་མ་ཟད་ཞང་ཞུང་སྐད་དུ་གྱེར་ཞེས་པ་དེ་དང་དོན་གཅིག་ཡིན་པ་བཤད། ཀླུ་ཕུག་དགོན། སྟེང་ཆེན་དགོན། རྩེ་དྲུག་དགོན་སོགས་ཀྱི་བོན་པོ་རྣམས་ཀྱིས་བོན་ཞེས་པ་དེར་ཞང་ཞུང་སྐད་དུ་གྱེར་ཡིན་པ་ངོས་འཛིན་མཐའ་གཅིག་ཏུ་གནང་ཞིང༌།༼༢༽བཤད་ཚུལ་འདི་ནི་གོ་བ་ངེས་ཅན་ཞིག་ལེན་རྒྱུ་ཡོད་པ་སྙམ། རྒྱུ་མཚན་ནི་གྱེར་ཞེས་པའི་ཐ་སྙད་འདི་ནི་ཞང་བོད་ཐུན་མོང་གི་བརྡ་རྙིང་ཞིག་ཏུ་ཆགས་ཡོད་པ་མངོན་གསལ་རེད། བོན་གྱི་དཔེ་རྙིང་མང་དག་ཏུ་བོན་དང་གྱེར་གཉིས་འདྲ་མཚུངས་ཡིན་པ་གསལ་པོར་བསྟན་ཡོད་དེ། དཔེར་ན། བོན་སྒོ་ལ་གྱེར་སྒོ་ཞེས་འཁོད་ཡོད་པ་སྟེ།《མདོ་འདུས》ལས། རྒྱལ་བོན་སྟོན་པ་གཤེན་རབ་ཉིད། གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། ཧོརསྒོ་ཐེག་པ་རིམ་པ་དགུ། ཆབ་དཀར་གྱེར་སྒོ་གྱེར་མན་ཊ། འདུལ་བ་མན་ངག་ལུང་དང་བཅས། རྒྱལ་བ་མདོ་འབུམ་སྡེ་དང་བཅས། ཞེས་བོན་དང་གྱེར་གཉིས་དོན་མཚུངས་ཡིན་པ་གསུངས། མ་ཚད་ཞང་བོད་གཉིས་ཀྱི་སྐད་དང་བསྡེབས་ནས་སྦྱར་ན། དཔེར་ན། གཡུང་དྲུང་བོན་ཞེས་པ་ལ་ཞང་སྐད་དུ་དྲུང་མུ་གྱེར་ཞེས་པ་དང༌། གཡུང་དྲུང་བོན་གྱི་དབྱིངས་ཞེས་པ་ལ་ཞང་སྐད་དུ་དྲུང་མུ་གྱེར་རོ་མུ་ཞེས་པ་དང༌། བོན་ལོག་མི་འཛེམ་ཞེ་སྡང་ཆེ་ཞེས་པ་ལ་གྱེར་ཙེ་གུ་རི་ཧཡེ་ཙེ་ཞེས་བོན་དང་གྱེར་གཉིས་དོན་གཅིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད། བོད་ཀྱི་དག་ཡིག་ལས། གྱེར་བ་ནི་གདོན་པའི་སྒྲ་དབྱངས་སུ་དྲངས་པའི་དོན་ཞེས་གསུངས་པ་ལྟར། བོན་གྱི་ཆོ་གའི་སྐོར་སོགས་ལ་གྱེར་བ་སྟེ་ཀློག་པའང་འདོན་པའི་དོན་དུ་བེད་སྤྱོད་བྱས་ཡོད་པ་རེད། ཏུན་ཧུང་ཡིག་རྙིང་ནང་དང་བོན་གཞུང་ཁ་ཤས་ནས་བོན་ཞེས་པ་དེ་ནི་རྣ་བ་ཐོས་པ་དང་གསན་པ་ལ་ཟེར་འདུག།《མདོ་གཟེར་མིག》ལས་ཐུགས་སུ་གསོལ་ཞིང་སྙན་དུ་བོན་ཞེས་པ་དང༌། 《དར་རྒྱས་གསལ་སྒྲོན》དུ་བོན་ནི་སྙན་དུ་བོན་པས་ཞེས་གསུངས་པ་ལྟར་བྱུང་ངོ་། །༼༣༽དེ་ལྟར་ང་ཚོས་གསལ་བོར་མཐོང་ཐུབ་པ་ནི་བོན་ཞེས་པའི་ཐ་སྙད་དེ་ནི་ཞང་ཞུང་གི་སྐད་མ་ཡིན་པར་བོད་ཀྱི་ཐ་སྙད་རྣལ་མ་ཞིག་ཡིན་པ་འདོད། 《ཞང་བོད་ལོ་རྒྱུས་ཏི་སིའི་འོད》ལས། དེང་དུས་སུ་བོན་ཞེས་པའི་ཚིག་འདི་ནི་ཡོངས་གྲགས་ཤིག་ཏུ་གྱུར་ཡོད་ཅིང༌། ཚིག་འདིའི་འབྱུང་ཁུངས་རྣམ་མ་ནི་བོད་སྐད་ཀྱི་བརྡ་རྙིང་བཟླས་པའམ་དེའི་བརྗོད་ཚིག་བོན་པ་སྟེ་བཟླ་བ་ཞེས་པའི་དོན་ལ་འཇུག་ཅིང༌། མིང་དེ་སྐད་དུ་གྲགས་པའི་རྒྱུ་མཚན་ནི་གནའ་དུས་སུ་སྔགས་བཟླ་བའམ་དེ་འབྲེལ་གྱི་ཆོ་ག་དང་རིམ་འགྲོ་བྱེད་པ་ལ་བོན་ཞེས་པ་དང༌། དེ་ལྟར་བྱེད་མཁན་གྱི་གང་ཟག་དེ་ལ་བོན་པོ་ཞེས་པའི་ཐ་སྙད་ཆགས་འདུག་ཅེས་གསུངས། དེ་ལྟར་བོན་ཞེས་པའི་ཐ་སྙད་དེ་ངག་གི་བྱེད་ལས་གྱེར་དང་བཟླས་པ་དང་འདོན་པ་འབོད་པ་སོགས་ལ་འཇུག་པ་ཟེར་བ་ནི་ཐོག་མའི་འབྱུང་ཁུངས་དབང་དུ་བཤད་པ་ཡིན་ཞིང༌། སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའི་ཐོག་ནས་སྦྱར་ན། མི་གཡོ་བའི་སྒྲ་དང༌། སྟོང་བ་མ་ཡིན་པ། སྡེ་སྣོད་མཐའ་དག་གི་དགོངས་པ་གཅིག་ཏུ་སྟོན་པ་སོགས་ངོས་འཛིན་ན་དོན་དངོས་དང་མཚུངས་སོ། །
    གཡུང་དྲུང་བོན་ཞེས་བྱ་བ་ནི་སྟོན་པ་གཤེན་རབ་ཁོང་གིས་སྲོལ་ཕྱེས་པའི་བསྟན་པ་སྟེ། སྡུག་བསྔལ་བྲལ་འདོད་དང༌། བདེ་བ་ལྡན་འདོད་ཀྱི་འགྲོ་བ་ཚང་མའི་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ཀུན་སྐྱོབ་པར་བྱེད་པའི་ཕན་བདེའི་ཡོན་ཏན་བཟང་བོ་ཞིག་ལ་ཟེར་དགོས། སྟོན་པས་གདུལ་བྱ་སོ་སོའི་མོས་པ་དང༌། སེམས་ཁམས་བློ་སྟོབས་དང་མཐུན་པར་སྤོང་གཉེན་གྲངས་མཐུན་གྱི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང༌། ནང་གསེས་ལ་ཕྱི་ཐེག་པ་རིམ་དགུ ནང་སྒོ་བཞི་མཛོད་ལྔ། གསང་བ་ཕྱི་ནང་གསང་གསུམ། མཐའ་ཐུག་ཉམས་སུ་ལེན་རྒྱུ་མདོ་སྔགས་སེམས་གསུམ་སྟེ། མདོ་འདུས་ལས། གདུལ་བ་གསང་སྔགས་ལྟ་བ་གསུམ། མཐའ་མར་ཉམས་སུ་ལེན་བྱ་ཡིན་ཞེས་གསུངས་པ་ལྟར། གདུལ་བྱ་དབང་རྣོན་རྣམས་ལ་ཉམས་ལེན་གཙོ་བོ་ནི་གྲོལ་ལམ་གཙོ་བོར་བསྟན་པ་རྫོགས་པ་ཆེན་པོ་དང༌། དབང་འབྲིང་རྣམས་ལ་བསྒྱུར་ལམ་གཙོ་བོར་བསྟན་པ་གསང་སྔགས། དབང་རྟུལ་རྣམས་ལ་སྤོང་ལམ་གཙོ་བོར་བསྟན་པ་མདོ་སྡེ་བཅས་གདུལ་བྱ་རིགས་ཅན་གསུམ་གྱི་འཇུག་སྒོ་གཡུང་དྲུང་བོན་གྱིས་འདུས་སོ། །
    དེ་ཡང་སོ་སོའི་ངོས་བཟུང་མདོ་ཙམ་བརྗོད་ན། སྒོ་བཞི་ལས། འཕེན་ཡུལ་རྒྱས་པ་འབུམ་ནི་ཐེག་པ་ཆུང་ངུ་ཞེས་བྱ་སྟེ། འཇུག་སྒོ་ཡངས་ཤིང་ཀུན་དང་ཐུན་མོང་དུ་རུང་བས་ཕྱི་རྒྱུད་ཡིན་ལ། དེ་མཚན་ཉིད་ནས་འདུལ་ཁྲིམས་གཙོ་བོར་བཏོན་པའི་བོན་སྡེའོ། །སྒོ་དམའ་བ་ཆབ་ནག་བོན་ནི་འཕྲལ་གྱི་ཕན་འདོགས་ཏེ། ཚངས་སྤྱོད་ཀྱི་སྡེ་རིགས་ལ་སོགས་སུ་དབྱེ་བ་མེད་པར། ཁྱིམ་པ་རྣམས་དང་ཐུན་མོང་དུ་སྤྱད་དུ་རུང་བས་ཡང་ཕྱི་རྒྱུད་ཞེས་བཤད་དེ། མཚན་ཉིད་ནས་སྲིད་པའི་ལོ་རྒྱུས་གཙོ་ཆེར་སྟོན་ཅིང༌། འཕྲལ་གྱི་ཕན་ཐོགས་སྟོན་པའི་བོན་སྡེའོ། །ཆབ་དཀར་གྱི་བོན་ནི་ཐེག་ཆེན་ནང་རྒྱུད་ཅེས་བཤད། བསྲེ་བསྣན་པ་ལ་ལྟོས་པ་དང༌། སྦྱོར་སྒྲོལ་ལ་སོགས་ཁྱད་པར་གྱི་སྤྱོད་པ་ཐུན་མོང་དུ་མི་རུང་བའི་ནང་རྒྱུད་ཡིན་ལ། དེའི་མཚན་ཉིད་ནས་ནང་གི་བསྙེན་སྒྲུབ་སྟོན་པའི་བོན་སྡེའོ། །དཔོན་གསས་པ་ནི་ཐེག་ཆེན་གསང་སྔགས་ཀྱི་རྒྱུད་རྫོགས་པ་ཆེན་པོ་ཡིན་ཏེ། བདག་མེད་ཀྱི་ལྟ་བ་བློ་ཆུང་དང་ཐུན་མོང་དུ་སྟོན་དུ་མི་རུང་བས་ནང་རྒྱུད་དེ། དེའི་མཚན་ཉིད་ནི། སྙིང་རྗེ་ཆེན་པོའི་ཚིག་པོར་དོན་ལ་བསྒོམ་པ་གཙོ་བོར་བཏོན་པའི་བོན་སྡེའོ། །ལྔ་བ་མཐོ་ཐོག་སྤྱི་རྒྱུད་ཀྱི་བོན་སྒོ་ནི་སྒོ་བཞི་ཀུན་གྱི་ཤེས་པའི་རྒྱུད་སྦྱངས་ནས། སྣང་ལ་རང་བཞིན་མེད་པར་ལྟ་བ་གཅིག་ཏུ་འཇོག་པ། དེ་ཡང་འཕེན་ཡུལ་འདུལ་བའི་ཁྲིམས་ཀྱིས་གཞི་བཟུང་ཞིང༌། ཆབ་ནག་དགེ་སྡུག་གི་ལྟང་འབྱེ་བ། བསྐལ་སྲིད་ཆགས་འཇིག་གི་མི་རྟག་པར་བློ་སྦྱོང༌། ཆབ་དཀར་གྱི་ཞི་རྒྱས་བསྙེན་སྒྲུབ་དང་ཆ་མཐུན་པའི་རྣམ་རྒྱལ་ཀློང་རྒྱས་ལྟ་བུ་ཉམས་སུ་ལེན། དཔོན་གསས་ཀྱི་རྫོགས་ཆེན་དང་མཐུན་པར། བོན་ཐམས་ཅད་བདག་མེད་དུ་འཇོག་ཅིང༌། དབུ་མར་ལ་བཟླ་བའོ། །དེའི་མཚན་ཉིད་ནས་སྒོ་བཞི་ཀུན་དང་ཆ་མཐུན་ལ། འཇུག་པར་མི་འགལ་བར་བཟླ་བའོ། །ཞེས་བོན་གཞུང་ཀུན་ལས་གསལ་པོར་བཤད་ཡོད་པ་རེད། 
      གཞན་ཡང་བོན་སྒོ་དེ་དག་འཁོར་བའི་སེམས་ཅན་ལ་ཚིག་གི་སྒོ་ནས་ངེས་པའི་དོན་བསྟན་དགོས་པ་དང༌། ཁྱད་པར་དུ་གདུལ་བྱ་འགྲོ་བ་སེམས་ཅན་སྤང་བྱའི་ཉོན་མོངས་ལ་བལྟོས་ཏེ། སྟོན་པས་འདུལ་བྱེད་ཀྱི་བོན་སྒོ་གཉེན་པོ་དེ་དང་མཐུན་པར་བསྟན་ཏེ།《མདོ་འདུས》ལས། ཧོར་སྒོ་བརྒྱད་ཁྲི་བཞི་སྟོང་ནི། མདོ་འབུམ་རྒྱུད་མཛོད་སྡེ་བཞི་ལ། ཉིས་ཁྲི་གཅིག་སྟོང་སྒོ་བཞིར་དབྱེ་ཞེས་གསུངས་པ་ལྟར། འདོད་ཆགས་ལས་གྱུར་བའི་ཉོན་མོངས་པ་གཉིས་ཁྲི་གཅིག་སྟོང་གི་གཉེན་པོར་འདུལ་བ་མདོ་ཡི་བོན་གཉིས་ཁྲི་ཆིག་སྟོང༌། དེའང་སྤང་བྱ་ལ་བརྟེན་པའི་འདུལ་བ་ཁྲི་ཕྲག་གཅིག་དང༌། བླང་བྱ་ལ་བརྟེན་པའི་འདུལ་བ་ཁྲི་ཕྲག་གཅིག་དང༌། སྤང་བླང་དབྱེར་མེད་ལ་བརྟེན་པའི་འདུལ་བ་སྟོང་ཕྲག་གཅིག་གོ །ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་རྒྱས་པ་འབུམ་གྱི་བོན་ཉིས་ཁྲི་ཆིག་སྟོང༌། དེའང་ལྟ་བ་ལ་བརྟེན་པའི་འབུམ་སྡེ་ཁྲི་ཕྲག་གཅིག་དང༌། སྤྱོད་པ་ལ་བརྟེན་པའི་འབུམ་སྡེ་ཁྲི་ཕྲག་གཅིག་དང༌། ལྟ་སྤྱོད་ཟུང་འབྲེལ་ལ་བརྟེན་པའི་འབུམ་སྡེ་སྟོང་ཕྲག་གཅིག་གོ། གཏུ་མུག་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་མངོན་པར་མཛོད་ཀྱི་བོན་སྒོ་ཉིས་ཁྲི་ཆིག་སྟོང༌། དེའང་ཐབས་ལ་བརྟེན་པའི་མངོན་པར་ཁྲི་ཕྲག་གཅིག་དང༌། ཤེས་རབ་ལ་བརྟེན་པའི་མངོན་པར་ཁྲི་ཕྲག་གཅིག་དང༌། ཐབས་ཤེས་ཟུང་འབྲེལ་ལ་བརྟེན་པའི་མངོན་པར་སྟོང་ཕྲག་གཅིག་གོ །དུག་གསུམ་ཆ་མཉམ་ལས་གྱུར་པའི་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་སྔགས་སེམས་རྒྱུད་ཀྱི་བོན་སྒོ་ཉིས་ཁྲི་ཆིག་སྟོང༌། དེའང་བསྐྱེད་རིམ་གཙོ་ཆེ་བར་བསྟན་པའི་རྒྱུད་སྡེ་ཁྲི་ཕྲག་གཅིག་དང༌། རྫོགས་རིམ་གཙོ་ཆེ་བརབསྟན་པའི་རྒྱུད་སྡེ་ཁྲི་ཕྲག་གཅིག་དང༌། བསྐྱེད་རྫོགས་ཟུང་འབྲེལ་ལ་བསྟན་པའི་རྒྱུད་སྡེ་སྟོང་ཕྲག་གཅིག་གོ། མདོར་ན། ཕྱི་རྒྱུད་སྤང་ལམ་གྱི་བོན་དང༌། ནང་རྒྱུད་བསྒྱུར་ལམ་གྱི་བོན། གསང་རྒྱུད་གྲོལ་ལམ་གྱི་བོན་དང་གསུམ་གྱིས་བསྡུས་སོ། །
     ཡང་བོན་སྒོ་དེ་དག་འཛེགས་རིམ་གྱི་སྒོ་ནས་ཡང་ཐེག་པ་རིམ་པ་དགུར་དབྱེ་སྟེ། འདིར་ཡང་བཤད་ཚུལ་མི་འདྲ་བ་གསུམ་ཙམ་དུ་ཡོད་ལ། ལྷོ་གཏེར་གྱི་ཐེག་པ་རིམ་དགུ་དང༌། དབུས་གཏེར་གྱི་ཐེག་པ་རིམ་དགུ་དང༌། བྱང་གཏེར་གྱི་ཐེག་པ་རིམ་དགུ་དང་གསུམ་མོ། །ལྷོ་གཏེར་གྱི་ཐེག་པ་དགུ་ནི་འདུལ་ཁྲིམས་ཀྱི་ཐེག་པ་གནས་དམན་བ་གསུམ་དང༌། ཚུལ་ཁྲིམས་ཀྱི་ཐེག་པ་གནས་འབྲིང་བ་གསུམ། ཐབས་ཀྱི་ཐེག་པ་གནས་མཆོག་གསུམ་དང་དགུའོ། །དབུས་གཏེར་གྱི་ཐེག་པ་རིམ་དགུ་ནི། ལྷ་མི་གཞན་བརྟེན་གྱི་ཐེག་པ་དང༌། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའི་ཐེག་པ་བཅས་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་བཞི་དང༌། བྱ་བ་གཙང་སྤྱོད། རྣམ་པ་ཀུན་ལྡན། དངོས་བསྐྱེད་ཐུགས་རྗེ་རོལ་བ། ཤིན་ཏུ་དོན་ལྡན། ཡང་རྩེ་བླ་མེད་ཀྱི་ཐེག་པ་བཅས་ལ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྔ་དང་དགུ་ཟེར། བྱང་གཏེར་གྱི་ཐེག་པ་རིམ་དགུ་ནི། སྣང་ལྡན། རང་ལྡན། བཞེད་ལྡན་གྱི་ཐེག་པ་བཅས་ལ་ཕྱིའི་ཐེག་པ་གསུམ་དང༌། ཐོ་ཐོ། ཕྱི་ཐོ། ཡ་ཐོའི་ཐེག་པ་བཅས་ལ་ནང་གི་ཐེག་པ་གསུམ། ལྷ་རྩེ། སྣང་རྩེ། ཡང་རྩེའི་ཐེག་པ་བཅས་ལ་གསང་བའི་ཐེག་པ་གསུམ་དང་དགུའོ། །ལྷོ་གཏེར་དང་དབུས་གཏེར། བྱང་གཏེར་བཅས་ཟེར་དོན་ནི་གཙོ་བོར་གཏེར་བཏོན་སའི་མིང་གིས་ཁྱད་པར་བྱས་ཏེ་གཏེར་སྟོན་གཤེན་ཆེན་ཀླུ་དགས་ལྷོ་འབྲིག་མཚམས་མཐའ་དཀར་སོགས་ནས་བཏོན་པའི་བོན་སྒོ་སྐོར་ལ་ལྷོ་གཏེར་དང༌། དབུས་ལྷ་ས་ཡེར་པའི་བྲག་སོགས་ནས་བཏོན་པའི་བོན་སྐོར་དབུས་གཏེར་དང༌། རྨ་སྟོན་ཁྱུང་རྒོད་སོགས་ཀྱིས་བྱང་དྭང་ར་ཁྱུང་རྫོང་དང་ཟང་ཟང་ལྷ་བྲག་བཅས་ནས་བཏོན་པའི་བོན་སྐོར་ལ་བྱང་གཏེར་ཞེས་འབོད་པ་ཡིན་ནོ། །
     དེ་ལྟར་བོན་ཞེས་བྱ་བ་སྟེ་གང་ལ་གང་འདུལ་དེ་ལ་དེ་སྟོན་པའི་སྤྱོད་ཡུལ་མཐའ་ཡས་པ་ཡོད་ནའང་གཡུང་དྲུང་བོན་ཞེས་བྱ་བ་ནི་སྤྱད་ཅིང་ཉམས་སུ་བླངས་པར་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་ཟེར་དགོས་སོ་ཞེས་བོན་དང༌། བོན་པོ། གཡུང་དྲུང་བོན་ཞེས་བྱ་བའི་སྐོར་ལ་རང་བློའི་ཚོད་ཀྱིས་དཔྱད་ཁུལ་བྱས་པ་རེ་ཞིག་རྫོགས་སོ། །
མཆན་འགྲེལ།
༡༼༡༽《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》མཁས་དབང་ནམ་མཁའ་ནོར་བུས་བརྩམས།
༢༼༢༽༼༣༽《ཆོས་འབྱུང་མཁས་པའི་དགོངས་རྒྱན》ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས།
དཔྱད་གཞིའི་ཡིག་ཆ།
༡《མདོ་དྲི་མེད་གཟི་བརྗོད》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ།
༢《ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད》མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་པ། བསྟན་འཛིན་འབྲུག་གྲགས་ཀྱིས་བརྩམས།
༣《དར་རྒྱས་གསལ་སྒྲོན》ཀྲུང་གོའི་བོད་རིག་ཤེས་རིག་དཔེ་སྐྲུན་ཁང༌། སྤ་བསྟན་རྒྱལ་བཟང་པོས་བརྩམས།
༤དཔལ་ཚུལ་གྱིས་བརྩམས་པའི《བསྟན་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།
༥《མདོ་གཟེར་མིག》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌།
༦《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང༌།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག