ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> རྣམ་མཁྱེན་སྟོན་པ་གཤེན་རབ་དང་ཁོང་གི་མཛད་རྣམ་གླེང་བ།
རྣམ་མཁྱེན་སྟོན་པ་གཤེན་རབ་དང་ཁོང་གི་མཛད་རྣམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། ཁྱུང་སྐྱུགས།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-09-23] [ཀློག་གྲངས། ]

རྣམ་དཀར་ཚོགས་ལ་རྣམ་པ་ཀུན་ཏུ་བརྩོན་པའི་དཀའ་བ་ཉམས་བཞེས་མཛད། །

རྣམ་དག་སྡེ་ལ་རྣམ་པར་བཞུགས་པའི་སེམས་བསྐྱེད་འབྲས་བུས་འགྲོ་དོན་མཛད། །

རྣམ་སྣང་རྒྱལ་པོ་རྣམ་མཁྱེན་ཡེ་ཤེས་མངོན་དུ་གྲུབ་པའི་སྙིང་རྗེ་གཟུགས། །

རྣམ་པར་རྒྱལ་བའི་རྣམ་འདྲེན་བརྒྱད་པའི་ཞབས་རྗེས་རི་མོ་འདི་ན་གསལ། །

 

   དེ་ཡང་དེང་གི་དུས་འདིར་རྒྱལ་ཁབ་ཕྱི་ནང་གི་མི་རིགས་ཚང་མས་གངས་ཅན་བོད་ཀྱི་ཆེས་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཀུན་ལ། དོ་སྣང་ཆེན་པོས་སྒོ་ནས་ཞིབ་འཇུག་དང་སྲུང་སྐྱོབ། ཐོས་བསམ་དང་ཉམས་ལེན། ཁྱབ་བསྒྲགས་དང་ཁྱབ་སྤེལ་སོགས་བྱས་དང་བྱེད་བཞིན་ཡོད་མོད། ཆེས་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དེ་དག་གི་རྩ་བ་དང༌། ཡང་ན་ཐོག་མའི་འབྱུང་ཁུངས་གང་ཡིན་པ་སོགས་ཚུལ་གསུམ་གྱི་རིགས་པའི་ལམ་ནས་དཔྱད་མཐར་མ་གཏུགས་ན། རིས་མེད་ཀྱི་ཞིབ་འཇུག་པ་དང༌། གཟུར་གནས་ཀྱི་ལོ་རྒྱུས་སྨྲ་བ་ཞིག་རེད་ཅེས་ཧ་ཅང་གི་བརྗོད་དཀའ་བར་སེམས། རང་རེ་མཐོ་སྒང་པའི་ཆེས་ཐུན་མོང་མ་ཡིན་པའི་ད་ལྟའི་རིག་གཞུང་འདི་ཉིད་ཀྱི་རྩ་བའི་འབྱུང་ཁུངས་གཙོ་བོ་ང་ཚོ་གངས་ཅན་པའི་ཡང་མེས་ཆེན་པོ་ཚད་མའི་སྟོན་པ་རྒྱལ་བ་གཤེན་རབ་དེ་ཉིད་ལ་ཐུག་ཡོད་པ་གནང་བོའི་བོད་ཀྱི་ལོ་རྒྱུས་དང་དཔེ་རྙིང་དག་ན་ཡང་གསལ་ཡོད་པ་མ་ཟད། གནའ་དེང་གི་འཛམ་གླིང་བོད་རིག་པའི་མཁས་པ་གྲགས་ཅན་མང་པོས་ཡང་ཡང་ར་སྤྲོད་གནང་ཡོད་པ་བཞིན་རེད། དེའི་ཕྱིར་བོད་རང་གི་ཆེས་ཐུན་མིན་གྱི་རིག་གཞུང་འདི་ཉིད་གླེང་འདོད་ན། ཚད་མའི་སྟོན་པ་དེ་ཉིད་ཀྱི་ཆེས་ངོ་མཚར་བའི་འཁྲུངས་རབས་དང༌། རླབས་ཆེན་གྱི་མཛད་པ། ཁྱད་འཕགས་ཀྱི་ཡོན་ཏན་སོགས་ལ་རུ་ཏྲ་དང་ཕྱོགས་རིས་ཀྱི་དབང་དུ་མ་སོང་པར་དཔྱད་གསུམ་རིག་པའི་ལམ་ནས་ཐག་གཅོད་དགོས་པ་ཆེས་གལ་ཆེན་ཞིག་ཡིན་པར་བརྟེན། འདིར་ཁོ་བོ་ཙམ་གྱིས་ཀྱང་རང་གི་གྲགས་སྙན་དང༌། གྲུབ་མཐའི་ཕྱོགས་འཛིན། ཁྱད་པར་རང་ཉིད་དགའ་ཕྱོགས་དང་དད་ཕྱོགས་ཀྱི་དབང་དུ་མ་སོང་པར་ཁུངས་བཙུན་གྱི་ལོ་རྒྱུས་ཡིག་ཆ་དག་རྒྱབ་རྟེན་དུ་བྱས་ཏེ། ཚད་མའི་སྟོན་པ་གཤེན་རབ་མི་བོ་དང་ཁོང་གི་མཛད་རྣམ་གླེང་བར་འདོད་པ་འདི་ཡང་རང་ཉིད་བོད་མི་རིགས་ལ་དགའ་ཞེན་དང༌། རང་གི་རིག་གཞུང་རྣལ་མ་ལ་ཡིད་ཆེས་ཟབ་པའི་ཀུན་སློང་ཡང་དག་ཅིག་ཡིན་ཞེས་མགྲིན་པ་ཅུང་གཟེངས་སུ་བཏེགས་ཏེ་སྨྲས་ཆོག་གོ།

 

ད་ནི་དངོས་གཞིའི་གླེང་བྱར་བྱ་བ་ནི།

   རང་རེའི་བོད་རྒྱལ་ཁབ་ཆེན་པོའི་ཆེས་ཐུན་མོང་མ་ཡིན་པའི་རྒྱལ་རབས་དང༌། བླ་སྲོག་ཏུ་གྱུར་པའི་སྐད་དང་ཡི་གེ། ད་དུང་ཆོས་དང་རིག་གཞུང་ཐམས་ཅད་ཀྱི་འབྱུང་ཁུངས་ནི། བསྐལ་སྟོང་སངས་རྒྱས་སྟོང་དང་རྩ་གཉིས། སྟོན་པ་རབ་བདུན། དུས་གསུམ་གྱི་སྟོན་པ་སོགས་ཡོད་པ་ལས། འགྲོ་འདུལ་སྟོན་པ་རབ་དགུའི་ནང་ཚན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་ཡིན་པ་རྩོད་བྲལ་ཡིན་པ་དང༌། ཁོང་གིས་དང་པོར་རིགས་དང་ལྡན་པའི་སེམས་བསྐྱེད་ཅིང་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་སྦྱངས་མཐར། ཞིང་ཁམས་ཚོགས་གླིང་བྱ་བར་སྟོན་པ་བསོད་ནམས་དབང་ལྡན་གྱི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པའི་མཐའ་མར་འོག་ཕྱོགས་རྩོད་པ་ཅན་དུ་སྟོན་པ་ཐུགས་རྗེ་སྒྲོན་ཞེས་བྱ་བའི་མདུན་དུ་ཚོགས་ཀྱི་ལྷག་མ་རྫོགས། འོག་མིན་རྫོགས་སྐུ་གཤེན་ལྷའི་དྲུང་དུ་བྱོན་ཏེ་འགྲོ་བ་ཇི་ལྟར་འདུལ་བའི་བོན་ལུང་མནོས། སྲིད་པ་ཡེ་སངས་ཀྱི་ཡུལ་དུ་སློབ་དཔོན་འབུམ་ཁྲི་གློག་གི་ལྕེ་ཅན་ལས་ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས་པས་བྱང་ཆུབ་ཆེན་པོའི་རྒྱལ་ས་ནོན་པར་མཛད།

   དེ་ནས་མི་མཇེད་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྐབས་སུ་སྨོན་ལམ་གྱི་ས་བོན་དུས་སུ་སྨིན་ནས་གདུལ་དཀའ་འདུལ་བའི་རྟེན་འབྲེལ་ཤར་ཏེ། འོག་མིན་དུ་མངོན་པར་རྫོགས་པའི་སངས་རྒྱས་ཏེ་མཛད་མདོ་ལས། སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་ལྡན་དྲུང༌། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། །བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། །༡ཞེས་དང༌། རྣམ་རྒྱལ་ལས། སྔོན་ཚེ་བདག་གིས་སེམས་བསྐྱེད་དུས། །ལྷན་ཅིག་སྐྱེས་པའི་སེམས་དཔའ་འགའ། །ད་ལྟ་མནར་མེད་དམྱལ་བར་ཡོད། །ངས་ནི་དགེ་བ་སྤྱད་པས་སྟོན་པར་གྱུར། །༢ཅེས་གསུངས་པས། རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་དེ་ཡང་གདུལ་དཀའ་འདུལ་བའི་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ། ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ནང་ཚན་དང་པོ་ཞང་ཞུང་ཕུགས་པ་སྟེ་རྟག་གཟིགས་འོལ་མོ་ལུང་རིང་གི་གསས་མཁར་བར་པོ་སོ་བརྒྱད་དུ། ཡབ་དམུ་རིགས་གཤེན་གྱི་གདུང་རྒྱུད་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཨེར་སངས་ལྷ་ཡི་བུ་མོ་ཡོ་ཕྱི་རྒྱལ་བཞད་རྒྱལ་མའི་སྐུ་ལ་རྟེན་བཅས་ཏེ། ཕྱི་ལོ་སྔོན་གྱི་འདས་ལོ་༡༦༠༡༧སྟེ། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ལངས་ཡོས་ཀྱི་དུས་ཚོད། སྐར་མ་རྒྱལ་གྱི་རུ་གོང་གཟའ་ཕུར་བུའི་འགྲུབ་སྦྱོར་བཟང་པོ་ལ། ལྷ་མོ་རྒྱལ་བཞད་མའིགློ་སྐར་ལས་བལྟམས་ཏེ་བཀྲ་ཤིས་པའི་རྟགས་དང་མཚན་མ་མང་དུ་བྱུང༌། དེ་ནས་ལྷ་ཀླུ་མི་གསུམ་གྱི་དབང་པོ་སྟོབས་ཆེན་ཀུན་འདུས་ཏེ་བྲམ་ཟེའི་བུ་འགྱུར་བ་བློ་གསལ་གྱིས་མཚན་ལྟས་བརྟགས་པས། སྐུའི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་གྱ་གཉིས། གསུང་གི་ཡོན་ཏན་འཕྲུལ་གྱི་ཡི་གེ་བཞི་བཅུ་དང་ཚངས་པའི་དབྱངས་དྲུག་ཅུ་རེ་བཞི། ཐུགས་ཀྱི་ཡོན་ཏན་མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག ལེགས་པའི་ཡོན་ཏན་བརྒྱ་རྩ་བརྒྱད་སོགས་ཆེ་བའི་ཡོན་ཏན་བློ་ཡིས་མི་དཔོག་ཅིང༌། སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་གྲགས་པའི་སྙན་པ་སྲིད་པ་གསུམ་དུ་འབར།

   སྤྱིར་སྐུ་ཚེ་ཧྲིལ་པོར་བསྟན་པའི་འགྲོ་དོན་མཛད་ཚུལ་སྤྱིའི་མཛད་ཆེན་བཅུ་གཉིས་དང་སྒོས་སུ་མཛད་པ་དྲུག་ཅུ། བྱེ་བྲག་ཏུ་མཛད་པ་བརྒྱ་རྩ་བརྒྱད་སོགས་སྤྱི་སྒོས་བྱེ་བྲག་གི་མཛད་པ་རྒྱས་འབྲིང་བསྡུས་གསུམ་སོགས་ཞིབ་ཅིང་རྒྱས་པ་མཛད་མདོ་རྒྱས་པ་༼དྲི་མེད་གཟི་བརྗིད་༽དང༌། འབྲིང་བ་༼གཟེར་མིག༽ བསྡུས་པ་༼མདོ་འདུས་༽སོགས་ལས་གསལ་ཞིང༌། དེ་དག་གི་ནང་ནས་ཀྱང་གཙོ་ཆེ་བ་མཛད་ཆེན་བཅུ་གཉིས་ཡིན་པས་འདིར་དེ་དག་གི་དོན་བསྡུས་དེ་འཆད་པ་ལ།

   མཛད་པ་དང་པོ་སྐུ་སྐྱེ་བ་བཞེས་ནས་མི་ལོ་གཅིག་གི་བར་དུ་གཞོན་ནུའི་རོལ་རྩེད་མཛད། དགུང་གྲངས་གཅིག་ནས་སྲིད་གསུམ་གྱི་མངའ་དབང་ཅན་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་སར་ཕྱུང༌། རྒྱལ་ཁམས་དྲང་ཤིང་ཐིག་གིས་སྟོང་ཁམས་བསྐྱངས་ཤིང༌། སྟོང་གསུམ་སེམས་ཅན་ལན་གཅིག་ཕན་བདེའི་ས་ལ་བཀོད། འདི་དུས་རིག་པའི་གནས་ལྔ་ལས་ལྷ་སྲས་ཀརྨ་ལི་ཤོ་ལ་བཟོ་རིག་ཐོག་མར་བསྟན། དེར་བརྟེན་བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང༌། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོགས་པ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་གསས་པད་མ་དང༌། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་སོགས་ལ་བཟོ་རིག་གཏན་ལ་ཕབ་ནས་གསུངས་ཤིང༌། ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ་འཕྲུལ་གྱི་ཡི་གེ་དང༌། རྣམ་དབྱེ་བརྒྱད་བརྡ་དག་རྒྱས་པ་བཅས་གསུངས་པས་ཡི་གེའི་བརྡ་སྤྲོད་སོགས་ཀྱི་ཐོག་མ་ཡང་དེ་དུས་དར་ཏེ། ལུང་མཆོག་མཚན་ཉིད་སྲིད་པའི་མཛོད་ཕུགས་ལས། ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར་བའི་བོན། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན་པས་ན། །དེ་དག་ཐམས་ཅད་མཁྱེན་པས་མཛད་པ་ལས། །ཚུར་མཐོང་གང་ཟག་དག་གིས་དཔག་བྱ་མིན། །༣ཞེས་དང༌། ཡང་སྦྲ་གསར་པནྜི་ཏ་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་ཞལ་སྔ་ནས་ཡང༌། བློན་པོ་ཐོན་མི་རྒྱ་གར་ཡུལ་དུ་བརྫངས། །བྲམ་ཟེ་ལི་བྱིན་ཧ་རར་ལཉ྄ཚ་བསླབས། །ལཉ྄ཚ་དཔེར་བླངས་བོད་ལ་ཡིག་སྦྱོར་བརྩམས། །བོད་ཀྱི་སྒྲ་དོན་ཇི་བཞིན་བརྡ་མ་འཕྲོད། །སྟོད་དུ་ཅ་ཆ་ཇ་དང་སྨད་དུ་ནི། །ཞ་ཟ་འ་གསུམ་འཕྲུལ་ཡིག་བཞི་བཅུ་ལས། །སྣོན་འཕྲི་བྱས་ཏེ་བརྡ་སྤྲོད་བསྟན་བཅོས་མཛད། །གནམ་རི་སྲོང་བཙན་ཡན་ལ་བོད་ཡུལ་དུ། །ཡི་གེ་མེད་ཅེས་ཁུངས་ལ་དགག་པ་བྱས། །དེ་ནི་མཁས་པ་ཆེན་པོའི་གསུངས་ཡིན་ཀྱང༌། །མ་བརྟགས་བབ་ཅོལ་ཚིག་ཏུ་ཟད་པར་ངེས། །རྒྱལ་རབས་སོ་གཉིས་རབ་ཏུ་བོན་དར་ན། །ཡི་གེ་མེད་པས་བསྟན་པ་ཇི་ལྟར་དར། །བོན་ལ་བརྡ་སྤྲོད་ཡི་གེ་མེད་བདེན་ན། །རྒྱལ་པོ་ཆེན་པོས་རྒྱལ་སྲིད་སྐྱོང་བ་ལ། །ཚིག་སྦྱོར་ཡི་གེ་མེད་པས་བྱ་ཐབས་དཀའ། །༤ཞེས་དང༌། ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ། །འཕྲུལ་ཡིག་བཞི་བཅུ་རྣམ་དབྱེ་རྒྱས་པར་གསུངས། །ཡི་གེའི་བྱུངས་ཁུངས་ཐོག་མ་དེ་ནས་བྱུང༌། །༥ཞེས་ཡི་གེ་འདི་ཉིད་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་ལྟ་བ་དམིགས་བསལ་ཅན་བསྟན་ཡོད་པ་འདི་ཡང༌། དེང་གི་གཞོན་སྐྱེས་ཞིབ་འཇུག་པ་དག་གིས་དཔྱད་གཞིའི་རྩ་འགང་གལ་ཆེན་ཞིག་ཏུ་འདུག་པར་སེམས།

   སྟོན་པ་མཆོག་དགུང་གྲངས་ལྔ་གསུམ་བཅོ་ལྔའི་བར་དུ་རྒྱལ་བུའི་ལོ་མཛད་དེ་གདུལ་བྱའི་བློ་ཚད་དང་བསྟུན་ཏེ་དགུང་གྲངས་གཅིག་ནས་དགུའི་བར་བོན་ཐེག་པ་རིམ་དགུའི་བོན་རྣམས་ལོ་རེར་གསུངས་ཤིང་དགུང་གྲངས་བཅུ་པར་གཡུང་དྲུང་དགུ་རྩེགས་རི་ཡི་རྩེ་ལ་བྱོན་ཏེ་སུམ་བརྒྱ་དྲུག་ཅུའི་སྒྲ་སྐད་བསྒྱུར་ཞིང་སྒྲ་རིག་མཚན་ཉིད་སྡེ་ལྔ་དང༌། ཚད་མ་སྡེ་བདུན་སོགས་གཏན་ལ་ཕབ་ཏེ་སྣོད་ནི་ཐུགས་སྲས་རྨ་ལོ་དང་གཡུ་ལོ་ཟུང་ལ་གཏན། དེ་ལས་ཕྱོགས་བཅུའི་འགྲོ་བ་རིགས་དྲུག་དང༌། ལྷ་ཀླུ་མི་སོགས་སོ་སོའི་རང་སྐད་དུ་གོ་ནས་འཇིག་རྟེན་གསུམ་དུ་དར་བའི་སྒྲ་དང༌། ཚད་མ་རིག་པ་འདི་ཡང་ཐོག་མར་དེ་ནས་བྱུང༌། དགུང་གྲངས་བཅུ་གཅིག་ལ་བྱམས་ལྡན་རྒྱལ་བའི་ཆོ་ག་གསུངས། དགུང་གྲངས་བཅུ་གཉིས་ཏེ་ཕྱི་ལོའི་སྔོན་གྱི་ལོ་༡༤༨༡༧ཆུ་ཕག་ནག་ཟླའི་ཉ་ཆེན་ལ། །ས་བདག་རྒྱལ་པོའི་ཕོ་བྲང་དུ། །སེམས་དཔའ་གསེར་ཐུབ་འོད་སྲུང་སོགས། །གཙུག་ལག་ཞུ་བའི་གཤེན་བརྒྱད་དང༌། །ལྷ་ཀླུ་མི་ཡི་འཁོར་རྣམས་ལ། །དབང་ལྡན་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་གྱི་རྒྱུད་ལེའུ་སྟོང་ཕྲག་བརྒྱད་གསུངས་ཏེ། རྩིས་རིག་འབྱུང་རྩིས་དང༌། གནམ་རིག་སྐར་རྩིས་རིག་པ་ཡང་ཐོག་མར་དེ་ནས་བྱུང༌།

   དགུང་གྲངས་བཅུ་གསུམ་སྟེ་ཤིང་བྱི་ལོར་ལྷ་ཀླུ་མི་ཡི་ཚོགས་ལ་བསྒྲགས་པ་རྣམ་པ་གསུམ་གྱི་དཔེའུ་ཙེ་བསྟན་པ་སོགས་མཛད་ཆེན་གཉིས་པ་བསྟན་པ་སྤེལ་བའི་སྐབས་ཡིན་ནོ། །

   དགུང་གྲངས་བཅུ་བཞི་ལ་འགྲོ་བ་འདུལ་བའི་དུས་ལ་བབས་ཏེ་སྐུའི་གནས་བ་སྤུ་བུ་ག་ཐམས་ཅད་སྤྲུལ་བ་ཡོངས་སུ་འགྱེད་དེ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་སོགས་སྤྲུལ་བ་དུ་མ་ཕྱོགས་བཅུར་སྤྲོས་ཏེ་འགྲོ་བ་རྒྱ་ཆེན་འདུལ་བར་མཛད་པ་སོགས་མཛད་ཆེན་གསུམ་པའོ། །

   དགུང་གྲངས་བཅོ་ལྔའི་སྐབས་སྡིག་ཅན་གཏི་མུག་ལ་མངའ་དབང་ཆེ་བ་གཏོ་བུ་དོད་དེ་དང༌། ཞེ་སྡང་ལ་མངའ་དབང་ཆེ་བ་ཁྲི་ཤེས་དབང་རྒྱལ། ཕྲག་དོག་ལ་མངའ་དབང་ཆེ་བ་དྲག་བྱེད་ཧ་ལ་ར་ཙ་དང༌། ང་རྒྱལ་ལ་མངའ་དབང་ཆེ་བ་གུ་ཝེར་ར་ཙ། འདོད་ཆགས་ལ་མངའ་དབང་ཆེ་བ་བཙུན་མོ་འགུ་ལང་མ་སོགས་དུག་ལྔའི་མཚོ་ལ་བྱིང་བའི་སེམས་ཅན་དེ་དག་གི་ཆེད་དུ་བདེ་བར་གཤེགས་པའི་ཆོ་ག་རེ་རེ་བསྟན་ཏེ་མྱང་འདས་ཀྱི་ས་ལ་བཀོད་པ་སོགས་མཛད་ཆེན་བཞི་པའོ། །

   སྤྱིར་མི་ལོ་བརྒྱ་ལ་གཤེན་ལོ་གཅིག་ཏུ་བརྩིས་པའི་ལྔ་གསུམ་བཅོ་ལྔ་ཁབ་བཞེས་ཀྱི་ལོ་མཛད་དེ། དགུང་གྲངས་བཅུ་དྲུག་ལ་སེམས་ཅན་དོན་མཛད་ནས་ཀུན་དང་མཐུན་པར་བྱ་བ་དང༌། རབ་ཆད་མ་ནིང་བྱ་བའི་ངག་གཅོག་པའི་ཕྱིར་དང༌། སྒོས་སུ་དམུ་རིགས་གཤེན་གྱི་གདུང་རྒྱུད་ཀྱི་ཟམ་མ་ཆད་པར་དགོངས་ནས་ཡུལ་ཧོས་མོ་གླིང་དྲུག་ནས་ཧོས་རྒྱལ་དྭངས་པ་ཡི་རངས་ཀྱི་སྲས་མོ་ཧོས་བཟའ་རྒྱལ་མེད་མ་ཁབ་ཏུ་བཞེས། དེ་ལ་སྲས་གཏོ་བུ་འབུམ་སངས་དང་དཔྱད་བུ་ཁྲི་ཤེས་གཉིས་འཁྲུངས། ཤིང་འབྲུག་ལོར་དཔོ་རྒྱལ་འབར་བའི་སྒྲོན་མེའི་ཡུལ་དུ་འགྲོ་དོན་ལ་གཤེགས་ཏེ་དཔོ་རྒྱལ་གྱི་སྲས་མོ་དཔོ་བཟའ་ཐང་མོ་ཁབ་ཏུ་བཞེས་ཏེ་སྲས་ལུང་འདྲེན་གསལ་བ་དང༌། རྒྱུད་འདྲེན་སྒྲོན་མ། གཤེན་བཟའ་ནེའུ་ཆུང་གསུམ་འཁྲུངས་པ་དང༌། ཁབ་ཀྱི་དཔལ་འབར་བཙུན་མོ་དེ་རྣམས་བཞེས་པ་བཅས་ནི་མཛད་ཆེན་ལྔ་པ་དང་དྲུག་པའི་སྐབས་ཡིན་ནོ།།

   དགུང་གྲངས་བཅུ་བདུན་སྐབས་བྲམ་ཟེའི་རྒྱལ་པོའི་སྲས་མོ་ཚངས་སྤྱོད་ཚུལ་ལྡན་མ་ཁབ་ཏུ་བཞེས་ཤིང་གཡུང་དྲུང་རྣམ་པར་འཇོམས་པ་དང༌། སངས་རྒྱས་སྨན་ལྷ། སྨོན་ལམ་མཐའ་ཡས་བཅས་ཀྱི་འདོན་ཆོག་སོགས་རྒྱས་པར་གསུངས།

   དགུང་གྲངས་བཅོ་བརྒྱད་སྐབས་བདུད་རྗེ་ཁྱབ་པས་ཆོ་འཕྲུལ་སྣ་དགུ་བསྟན་ཀྱང་སྐྱོན་ངན་གང་གིས་ཀྱང་མ་གོས་པས་བདུད་རྗེ་ཁྱབ་པ་ལག་རིང་ཤིན་ཏུ་མ་དགའ་བའི་སེམས་སྐྱེས་ནས་རབ་ཏུ་ཡང་མ་དགའ་བས་གདུང་སྟེ་ངུས་སོ། དེ་རྗེས་སྟོན་པ་མགོན་བཙུན་ཕྱྭ་ཡི་ཡུལ་དུ་ཕེབས་ཏེ་བཀའ་འཁོར་བསྐོར་ཞིང་ཕྱྭ་བཟའ་གོང་དྲུག་མ་ཁབ་ཏུ་བཞེས། དེ་ལ་སྲས་གདུང་འཚོབ་མུ་ཆོ་ལྡེམ་དྲུག་འཁྲུངས། གཤེན་རབ་ཕྱྭ་ཡུལ་དུ་གཤེགས་ཤུལ་དཔོ་བཟའ་དང་ཀོང་བཟའ་སོགས་ཁྱབ་པས་བསླུས་ཏེ་ཁྱེའུ་ཆུང་ལ་བསྐུར་བའི་སྲིད་པའི་བཀའ་གླེགས་གཏོ་སྒྲོམ་མེ་ལ་བཏང་ཡང༌། ཁྱེའུ་ཆུང་གི་ཕྱག་གིས་བརྙབས་པས་ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་བྱུང༌། དེ་ལས་འཕྲུལ་ཡིག་བཞི་བཅུ་གྱེས་ནས་བོན་བསྟན་དར་ཞིང་རྒྱས། དགུང་གྲངས་བཅུ་དགུ་ལ་གར་ཆེན་གསས་ཡུལ་དུ་བྱོན་ཏེ་ལྷ་རྒྱུད་ཡེ་ཤེས་མཉམ་སྦྱོར་གྱི་བོན་འཁོར་བསྐོར་ཏེ་གསས་བཟའ་ངང་དྲུག་མ་ཁབ་ཏུ་བཞེས། དེ་ལ་སྲས་འོལ་དྲུག་ཐང་པོ་འཁྲུངས། གཤེན་གྱི་དགུང་གྲངས་ཉི་ཤུའི་སྐབས་སུ་བདུད་རྗེ་ཁྱབ་པའི་འཁོར་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་ཡུལ་འོལ་མོ་ལུང་རིང་ནས་གཤེན་གྱི་རྟ་བདུན་བརྐུས་ཏེ་བྱང་ཕྱོགས་ཕྲོམ་གྱི་ཡུལ་ཉིད་ཤ་ཉིད་ཀྱིས་ཟ་ཞིང༌། ཉིད་ཁྲག་ཉིད་ཀྱིས་འཐུང་བའི་གནས་དེའི་ནང་ནས་ཀྱང་གདུག་པ་ནི་ཀོང་པོ་ཞེས་པའི་ཡུལ་དུ་བྲོས་པས་སྟོན་པ་གཤེན་རབ་མི་བོའི་ཐུགས་ནི་སྣང་སྲིད་མེ་ལོང་གཡའ་དག་བཞིན་དུ་གསལ་བ་ཡིན་པས་བྱོལ་སོང་རྟ་ལ་ཆགས་པ་མ་ཡིན་ཀྱང༌། བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་དྲེགས་པ་ཅན་གྱི་རིགས་འཁོར་དུ་བཅད་པར་དགོངས་ནས་འཁོར་མཚན་ལྡན་ཁྱེའུ་བཞི་དང་བཅས་ཀོང་ཡུལ་དུ་ཕེབས། ༼རྟ་རྗེས་བདུད་ཀྱིས་ཆོ་འཕྲུལ་བསྟན་ཏེ་ཁ་བས་གཅོད་པའི་ལམ་ལ་མ་ཕྱད་པ་ལ་ཐུགས་རྗེ་མི་འཁྱོགས་གསང་བའི་མདའ་ལ་མ་འཕངས་ནས་ཐུགས་རྗེའི་ཉི་མའི་སྙིང་པོ་དགུ་ཕྲུགས་བཟླས་ཏེ་བདུད་ཀྱི་ཁ་བ་ནི་མར་གྱི་ཁུ་བ་བཞིན་དུ་ཞུའོ། ཐུགས་རྗེའི་མདའ་ལམ་ལས་རྟ་ཡི་རྗེས་བཞིན་དུ་ཉི་མའི་ཟེར་དུ་ཤར། ཉི་ཟེར་གཤེགས་ཤུལ་ལ་གཤེན་རབ་བཞུགས་ནས་༽༧སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོར་བྱོན་ནས་བོད་ཀྱི་ལྷ་འདྲེ་མཐུ་རྩལ་ཅན་ཐམས་ཅད་དམ་ལ་བཏགས་ཏེ་བསྟན་སྲུང་དུ་བསྐོས་ཤིང༌། བོད་ཀྱི་བོན་པོ་ལ་ལྷ་གསོལ་བ་དང་ཡུག་ཕུད་པའི་ལུང་ཕོག་ནས་ནམ་ཞིག་ཐེག་པ་རིམ་དགུ་ལ་སྤྱོད་པའི་སྨོན་ལམ་བཏབ་ཏེ་ཀོང་པོའི་ཡུལ་དུ་གཤེགས། ཁྱབ་པས་ཆོ་འཕྲུལ་སྣ་ཚོགས་ཅི་བསྟན་ཀྱང་བྱིན་རླབས་ཀྱི་མཐུ་བརྩན་པས་ཞི་མཛད། མཐའ་མར་བདུད་རྒྱ་ལག་ཐོད་རྗེ་སོགས་བདུད་འཁོར་ཕལ་ཆེ་བ་སྟོན་པའི་འཁོར་དུ་འདུས། ཀོང་རྗེ་དཀར་པོར་ཡང་དད་པའི་སེམས་སྐྱེས་ནས་བུ་མོ་ཀོང་བཟའ་ཁྲི་ལྕམ་སྟོན་པ་ལ་ཁབ་ཏུ་ཕུལ། དེ་ལ་སྲས་ཀོང་ཚ་དབང་ལྡན་བལྟམས། རྟ་བདུན་བདུད་ཀྱིས་བརྐུས་ནས་བཅོལ་བ་ལ་ཆལ་དང་བཅོས་ཏེ་ཕུལ། སྟོན་པས་སྦ་དང་སུམ་པའི་བོན་པོ་ཀུན་ལ་བོན་དུ་འདྲེ་བཀར་བ་དང༌། ཡུག་ཕུད་གཉིས་ཀྱི་ལུང་ཕོག་པས་ཡས་སྟགས་སུ་རྩི་ཤིང་སྨན་བསང་དང༌། ཐོད་རུས་བསྟན། སྔོན་མའི་སྦྱངས་འཕྲོ་མེད་པའི་བོད་ལ་འབྲས་ཐེག་གི་ལུང་མ་བསྟན་པར་ནམ་ཞིག་ངེས་དོན་ཤེས་ནས་ཐར་པ་ཐོབ་པར་ཤོག་ཅེས་སྨོན་ལམ་རྒྱ་ཆེན་མཛད་ཅིང་འཁོར་དུ་འདུས་པ་ཐམས་ཅད་ལ་བྱིན་གྱིས་རླབས་ནས་སླར་འོལ་གླིང་དུ་ཉི་མའི་བཞུད་ཤུལ་ལ་བྱོན་ནས་གཤེགས། གཞན་རྒྱ་གར་ནག་དང༌། ཨོ་རྒྱན། ཁ་ཆེ། ཟ་ཧོར་སོགས་སུ་ཡང་འགྲོ་དོན་རྒྱ་ཆེར་བསྐྱངས། བལ་པོ་ཡུལ་དུ་བྱོན་ཏེ་འཕགས་པ་ཤིང་ཀུན་ཞེས་མཆོད་རྟེན་སྐུ་ཚད་མ་གཅིག་བཞེངས་པ་མཆོད་རྟེན་དེ་ནི་ད་ལྟ་ཡང་བལ་པོ་ཡུལ་དུ་མཇལ་རྒྱུ་ཡོད།སོགས་མཛད་ཆེན་བདུན་པ་བདུད་ཀྱི་ཆོ་འཕྲུལ་སོགས་བསྟན་པའི་སྐབས་སོ། །

   དགུང་གྲངས་ཉེར་གཅིག་ལ་གཤེན་རབ་ཁ་སྟེ་མུ་ཡ་ལ་ཐེག་དགུའི་བསྟན་པ་རྗེས་བཞག་མཛད། དགུང་གྲངས་ཉེར་གཉིས་ལ་འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་ནས་འབུམ་སྡེ་བྱེ་མ་ཉི་ཁྲི་ཆུ་རྒྱུན་དང༌། འབུམ་རྒྱས་འབྲིང་བསྡུས་གསུམ་གཏན་ལ་ཕབས། དགུང་གྲངས་ཉེར་གསུམ་པར་འབུམ་སྡེ་ཐམས་ཅད་གླེགས་བམ་དུ་བཟོས་ནས་བཀྲ་ཤིས་མངའ་དབུལ་གྱི་རབ་གནས་མཛད། དགུང་གྲངས་ཉེར་བཞི་ལ་བྱམས་མ་ཉེར་གཅིག་བྱམས་ཕྲན་འབུམ་ཕྲག་མཐའ་ཡས་ཀྱི་ཆོ་ག་དང༌། དུས་གསུམ་ནུབ་པ་མེད་པའི་སངས་རྒྱས་ཁྲི་དང་བདུན་སྟོང་གི་མཚན་མདོ་སོགས་མཛད། དགུང་གྲངས་ཉེར་ལྔར་མུ་ཁྱུད་བདལ་པའི་མཚོ་གླིང་ན་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་ཀོང་ཙེ་འཕྲུལ་གྱིས་བཞེངས་པར་ཁྱབ་པས་བར་ཆོད་བྱེད་སྐབས་སྟོན་པ་བདུད་སྲིན་གཡུལ་ལས་རྒྱལ་བའི་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་རུ་བཞེངས། དགུང་གྲངས་ཉེར་དྲུག་ལ་བཀའ་འཁོར་དང་པོ་ཀུན་རྫོབ་བདེན་པ་གཙོས་ཐེག་པ་རིམ་དགུ་དང༌། ཉེར་བདུན་ལ་བར་པ་བདེན་གཉིས་ཟུང་འབྲེལ་གཙོས་སྒོ་བཞི་མཛོད་ལྔ། ཉེར་བརྒྱད་ལ་བཀའ་འཁོར་ཐ་མ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང༌། བོན་ཕྱི་ནང་གསང་གསུམ་གྱི་བཀའ་འཁོར་རྣམ་གསུམ་བསྐོར། དགུང་གྲངས་ཉེར་དགུ་ལ་མདོ་གཡུང་དྲུང་ཀློང་རྒྱས་འཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན། རྒྱ་རྗེ་ཀོ་ཙེ་འགྲོ་དོན་ཡོངས་སུ་གྲུབ་ནས་ཕྱི་ལོ་སྔོན་གྱི་འདས་ལོ་༡༣༤༩༦ཤིང་བྱི་ལོར། ཀོང་ཙེའི་སྲས་མོ་ཁྲི་རྒྱལ་མ་བཙུན་མོར་བཞེས། དགུང་གྲངས་སུམ་ཅུ་ལ་རྒྱ་བཟའ་ཁྲི་རྒྱལ་མར་སྲས་ཀོང་ཚ་འཕྲུལ་བུ་ཆུང་བལྟམས། དེ་ལ་གཙུག་ལག་རྩིས་རྒྱུད་ཀྱི་ལུང་བསྟན་ཞིང་གསས་ཁང་དཀར་ནག་བཀྲ་གསལ་དུ་བཀྲ་ཤིས་རབ་གནས་མཛད་དེ་སྒོ་བཞི་མཛོད་ལྔའི་གླེགས་བམ་ཁྲི་འབུམ་བྲིས་ཤིང༌། མ་འོངས་འགྲོ་དོན་ཕྱིར་དུ་བསྟན་པ་རྗེས་བཞག་མཛད་པ་མཛད་ཆེན་བརྒྱད་པའོ། །

   སྟོན་པ་ཉིད་དགུང་གྲངས་སོ་གཅིག་ལ་འཁོར་བར་ངེས་འབྱུང་སྐྱེས་པའི་ཚུལ་མཛད་དེ་འཁོར་རྣམས་ལ་གསུངས་པ་༼ལ་འུར་མྱུར་ལ་ཁྱིམ་སྤངས་རབ་ཏུ་མ་བྱུང་ན། ཁྱིམ་ཞེས་བྱ་བ་སྤྱོད་པ་ལོག་འཁྲུལ་འདི། རང་གི་སྡུག་བསྔལ་སྟེང་དུ་གཞན་གྱི་སྡུག་བསྔལ་ལོ། ཅི་བྱས་འདི་སྡུག་ཕྱི་མའི་སྡུག་བསགས་པས། དམྱལ་བའི་གནས་སུ་གཏན་ཁྱིམ་ངེས་པའི་རྒྱུ།༽༨ ཞེས་དང༌། ༼བདག་ནི་འཁོར་བའི་ཁྱིམ་སྤངས་བསྙུར་ཏེ་རབ་ཏུ་བྱུང༌། བདག་གི་བཀའ་འདི་ངེས་པའི་དོན་ཡིན་གྱིས། སྤྱན་སྔར་འདུས་པ་མང་པོའི་འཁོར་རྣམས་ཀུན། མི་ལུས་རིན་ཆེན་ཐོབ་པའི་སྟེང་འདི་ལ། རང་གིས་རང་ལ་བསླུ་བ་མ་བྱེད་པར། འཁོར་བའི་ཁྱིམ་སྤོང་བདག་དང་རབ་ཏུ་བྱུང༌།༽ ༩ཞེས་གསུངས་པས། ཡིད་ཁྱེའུ་ཆུང་གཙོས་དད་ལྡན་ལས་དག་ཅན་རྣམས་ཤིན་ཏུ་དགའ་ནས་རྗེས་སུ་ཡི་རངས་ཕུལ། དཔོ་བཟའ་དང་ཀོང་བཟའ་ཞེན་པར་གོས་པའི་ཁབ་རྣམས་ངུ་སྒྲ་འབྱིན་ཏེ་ཤག་འདེབས་བྱས་ཤིང༌། ཁྱབ་པ་བདུད་འཁོར་ལ་སོགས་ཤིན་ཏུ་དགའ་སྟེ་ལྐོག་བལྟ་བྱས། བཙུན་མོ་དང་འཁོར་རྣམས་ཀྱིས་ཇི་ལྟར་ཞུས་ཀྱང་མ་གསན་པར་འཁོར་ཚོགས་ཐམས་ཅད་བྱང་ཆུབ་བདེ་ལམ་སྙེགས་མཛད་ཕྱིར་དུ་རྒྱལ་སྲིད་ལོངས་སྤྱོད་ཀུན་སྤངས་ནས། རྣམ་དག་མཆོད་རྟེན་རང་འབྱུང་བཞིའི་དྲུང་དུ་ཁྱིམ་སྤངས་རབ་ཏུ་བྱུང་སྟེ། ན་བཟའ་པད་ལོ་རིགས་དྲུག་སྐུ་ལ་གསོལ་ཞིང་གཅིག་པུར་པད་ཤུན་གདིང་བ་གཏིང་ནས་བཀད་སའི་ཐང་ལ་ཕེབས་ཏེ་ཉིན་མཚན་དུས་དྲུག་ཏུ་དགེ་བ་ལ་ཆུ་རྒྱུན་བཞིན་དུ་རྩོམ་པར་མཛད་དོ། །

   དགུང་གྲངས་སོ་གཉིས་ལ་འདུལ་བ་ཁྲིམས་ཆེན་བཞེས་པར་དགོངས་ནས་སྐུ་ལུས་ཕྲུགས་ཕྲུགས་ལན་དྲུག་སྤྲུགས་པས་མི་ལ་གཤོག་སྐྱེས་མཁའ་ལྡིང་ཤང་ཤང་དེའུ་ངོ་མཚར་བའི་གཤོག་དྲུག་སྐུ་ལ་རྒྱས་ཏེ། རྒྱལ་ཆེན་རིགས་བཞིས་བསུས་ཤིང་བར་སྣང་དུ་འཕུར་ཏེ་འོག་མིན་ཞིང་དུ་དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་དུ་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པར་ལེན་པའི་ཚུལ་མཛད་ནས་སུམ་ཅུ་རྩ་གསུམ་གྱི་ཞིང་དུ་བབས་ཏེ་ངང་པའི་རྒྱལ་པོ་ཆུ་འབྱེད་ཀྱི་རིགས་དང་མཉམ་དུ་ཆུ་ལས་འོ་མ་ཕྱེ་ཡིན་ཐིགས་རེ་དང༌། འབྲས་ས་ལེ་ཉག་མ་རེ་གསོལ་ནས་བྱ་ཡི་དཀའ་ཐུབ་ལོ་གཅིག་མཛད་ཚུལ་བསྟན།

   དགུང་གྲངས་སོ་གསུམ་སྟེང་རྒྱལ་ཆེན་རིགས་བཞིའི་གནས་སུ་བབས་ནས་སྤྲེའུའི་རྒྱལ་པོ་ཧ་ནུ་མ་འདའ་དང་མཉམ་དུ་ཤིང་ཐོག་གི་འབྲུ་རེ་དང༌། ཤིང་ལོའི་ཆར་བ། ཁ་བ་ཆགས་པའི་ཆུའི་ཐིགས་པ་རེ་གསོལ་ནས་སྤྲེའུ་དཀའ་ཐུབ་ལོ་གཅིག་མཛད་ཚུལ་བསྟན། དགུང་གྲངས་སོ་བཞིར་འོལ་མོ་ལུང་རིང་དུ་བྱོན་ཏེ་མེ་ཏོག་དགའ་ཚལ་ནས་མཚན་མོ་མི་ཡི་ཆ་བྱད་དུ་ཞུགས་ཀྱིན་ཉིན་མོ་ཤང་ཤང་བྱ་ཡི་ཆས་སུ་ཞུགས་ནས་རྩྭ་མཆོག་ཨུ་མེར་ཉག་མ་རེ་དང༌། ཟིལ་བ་ཆུ་ཐིགས་རེ་གསོལ་ནས་མིའི་དཀའ་ཐུབ་ཀྱང་ལོ་གཅིག་ལ་མཛད་ཚུལ་བསྟན་པས་བདུད་རྗེ་གཙོ་འཁོར་རྣམས་ཀྱང་རང་ཤུགས་ཀྱིས་དད་པ་སྐྱེས་ཏེ་འགྱོད་བཤགས་བྱས་ནས་རབ་ཏུ་བྱུང་བར་ཁས་བླངས་སོ། དགུང་གྲངས་སོ་ལྔ་ནས་ཞེ་ལྔའི་བར་དུ་འདུལ་བ་ཁྲིམས་ཀྱི་གླིང་ན་འདུལ་བ་རྒྱུད་དྲུག་དང༌། མངོན་པ་སྡེ་བཞི། གཤེན་གྱི་དགེ་སྦྱོང་སོགས་འདུལ་བའི་སྡེ་སྣོད་རྣམས་ཡོངས་སུ་གྲུབ་པར་མཛད་པ་བཅས་མཛད་ཆེན་དགུ་པ་རབ་ཏུ་བྱུང་ཚུལ་ལོ། །

   དགུང་གྲངས་ཞེ་དྲུག་ནས་དྲུག་ཅུའི་བར་གཡེང་བའི་འཁོར་ཐམས་ཅད་སྤངས་ནས་གཡུང་དྲུང་དགུ་རྩེགས་ཀྱི་རི་ཡི་ནགས་ཚལ་དབེན་གསུམ་འཛོམས་པ་ཡིད་དུ་འོང་ཉམས་དགའ་བའི་སྐྱེད་ཚལ་དུ་དགོན་པ་ལ་བཞུགས་ཤིང༌། རིག་པའི་རྩལ་ཤུགས་ལྡན་པའི་འཁོར་རྣམས་ལ་ཐིག་ལེ་ཉག་གཅིག་བླ་མེད་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྫོགས་ཆེན་གནས་ལུགས་གཞི་ཡི་རྒྱུད་སྡེ་སོགས་རྒྱུད་སྡེ་བཅུ་གཉིས། ལྟ་བ་སྤྱི་གཅོད་ལྡེ་དྲུག བྱང་སེམས་གབ་པ་དགུ་སྐོར། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། མུ་མེད་བདལ་བའི་རྒྱུད། སྤྱི་སྤུངས་བསྒྲགས་པ་སྐོར་གསུམ། མན་ངག་གནོན་སྐོར་བཞི་སོགས་མན་ངག་ཁྱད་པར་ཅན་དེ་དག་ཐོག་མར་དེ་དུས་གཏན་ལ་ཕབ་ཅེས་ལེགས་བཤད་གཏེར་མཛོད་༡༠ལས་གསུངས་པ་སོགས་མཛད་ཆེན་བཅུ་པའོ། །

   དགུང་གྲངས་རེ་གཅིག་ནས་དོན་ལྔ་བར་བཙུན་པ་ཁྱབ་པ་སོགས་འཁོར་གྱི་སྡེ་ཚོགས་ལ་ལྟ་བ་ཡས་ཕུབ་པའི་དོན་དང༌། སྤྱོད་པ་མས་འཛེགས་པའི་ཁྲིམས། གཞི་སྙིང་རྗེ་ཆེན་པོའི་མ། ཐབས་ཕ་རོལ་དུ་ཕྱིན་པ་བཅུའི་ལམ་སོགས་ལ་རིམ་བཞིན་དུ་འཇུག་པའི་བོན་བསྟན་ཞིང༌། དགུང་གྲངས་དོན་དྲུག་ནས་བརྒྱད་ཅུའི་བར་མདོ་སྡེ་སྐལ་བཟང་སངས་རྒྱས་སྟོང་རྩ་བརྒྱད་ཀྱི་བྱུང་ཚུལ་བསྟན་པ་སོགས་ལྔ་གསུམ་བཅོ་ལྔ་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་མཛད་པ་སྟེ་མཛད་ཆེན་བཅུ་གཅིག་པའོ། །

   གཤེན་གྱི་དགུང་གྲངས་གྱ་གཅིག་སྟེང་དུ་འཁོར་རྣམས་ལ་བོན་སྡེ་ཐམས་ཅད་གཉེར་དུ་གཏད་ཅིང་བླ་མེད་བྱང་ཆུབ་མཆོག་ཏུ་སྨོན་ལམ་རྒྱས་གདབ་མཛད། དགུང་གྲངས་གྱ་གཉིས་སྟེང་སྟོན་པ་མཆོག་ལ་སྐྱེ་འཆི་མི་མངའ་ཡང་རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར་མི་རྟག་པའི་ཚུལ་གྱི་མྱ་ངན་འདའ་ཚུལ་བསྟན་ཏེ་སྐུ་ལ་བསྙུང་བའི་ཚུལ་ཙམ་མཛད་ནས། ཕྱི་ལོ་སྔོན་གྱི་འདས་ལོ་༧༨༡༧སྟེ་བོད་ཆུ་ཡོས་ཀྱི་དགུན་ཟླ་ར་བའི་གནམ་སྟོང་ལ་དགོངས་པ་བོན་དབྱིངས་སུ་བསྡུས་ཚུལ་བསྟན་པ་བཅས་མཛད་ཆེན་བཅུ་གཉིས་པའོ། །

   གཤེན་རབ་མྱ་ངན་ལས་འདས་རྗེས་མི་ལོ་སྟོང་དང་བརྒྱད་བརྒྱ་ཕྱི་ལོའི་སྔོན་༦༠༡༦ཤིང་འབྲུག་ལོར་གདུང་འཚོབ་མུ་ཆོ་ལྡེམ་དྲུག་ནམ་མཁའི་ལྷ་བྲན་དང་བཅས་པ་འོལ་མོ་ལུང་རིང་དུ་བྱོན་ནས་རྒྱལ་བའི་གསུང་གི་བསྟན་པའི་དབུ་བརྙེས། དེ་དུས་སྒྲ་བསྒྱུར་ལོ་ཙཱ་ཕུལ་ཕྱིན་འཛམ་གླིང་བསྟན་པའི་རྒྱན་དྲུག་ལ་ཞང་བོད་གྲུབ་ཆེན་བརྒྱད་ཅུ་སོགས་སློབ་མ་གྲངས་མེད་བྱུང་ཞིང༌། ཁྱད་པར་དུ་འཕགས་པའི་སློབ་མ་སྒྲ་བསྒྱུར་མཁས་པ་མི་བཞི་སོགས་བྱོན་ཏེ་མཁས་ཆེན་ལོ་ཙཱ་བ་དེ་དག་གིས་གཡུང་དྲུང་བོན་གྱི་བསྟན་པ་རྒྱུ་འབྲས་གཉིས་ཀའི་བོན་རྟག་གཟིགས་དང༌། རྒྱ་གར་ནག ཞང་བོད་འཛམ་གླིང་ཕྱོགས་བཅུ་ཀུན་ཏུ་དར་བར་མཛད་པ་སོགས་ནི་སྲིད་པ་རྒྱུད་ཀྱི་ཁ་བྱང་དང༌།༡༡ དྲི་མེད་གཟི་བརྗིད། མདོ་གཟེར་མིག མདོ་འདུས་སོགས་ཀུན་ནས་བཏུས་ཏེ་བཤད་པའི་ཁུལ་ཡིན།

 

   མཐར་གླེང་བར་བྱ་བ་ནི། འདིར་ཁོ་བོས་གཡུང་དྲུང་བོན་གྱི་གྲུབ་མཐའི་སྲོལ་འབྱེད་རྣམ་མཁྱེན་སྟོན་པ་གཤེན་རབ་དང་ཁོང་གི་མཛད་རྣམ་གླེང་བ་ཞེས་པའི་རྩོམ་ཐུང་ཞིག་འབྲི་ཁུལ་བགྱིས་པ་འདི་ཡང་རང་ལྟ་ལ་ཆགས་ཏེ་གཞན་ལྟ་ལ་སྨོད་པ་དང་གྲགས་སྙན་གྱི་དེ་བས་ཀྱང་མ་ཡིན། དེ་ནི་བོད་བོད་རང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ལ་ཞིབ་འཇུག་མཐིལ་ཕྱིན་བྱེད་མ་ནུས་ཤིང༌། རང་རྒྱུད་རྒྱ་གདོན་སོགས་ཀྱིས་བསླུས་ཏེ་དེང་དུས་ཀྱི་ཞིབ་འཇུག་པར་རློམ་པའི་ཁ་ཅིག་གིས་༼སྟག་གཟིག་འོལ་མོ་ལུང་རིང་ནས་སྟོན་པ་གཤེན་རབ་བྱ་བ་ཞིག་འཁྲུངས་ཏེ་བོན་པོའི་ཆོས་ལུགས་ཐོག་མར་གསར་གཏོད་མཛད་པ་ཡིན་ཟེར་མོད། འོན་ཀྱང༌། ང་ཚོས་བོད་གངས་ཅན་གྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་ཅུང་ཟད་བྱས་ན། བཤད་རྒྱུན་དེ་ནི་ཕྱིས་ཀྱི་བོན་པོའི་མཁས་པ་ཚོས་སངས་རྒྱས་ཆོས་ལུགས་ལ་དཔེ་བལྟས་ནས་སྒྲོ་བཏགས་པ་ཞིག་ཡིན་ཚུལ་ཤེས་ཐུབ།༽ ༡༢ཅེས་དང༌། ༼བོན་པོ་ཚོས་ཀྱང་སྟོན་པ་གཤེན་རབ་ཟེར་བ་ཞིག་གསར་དུ་སྐྲུན་པ་དང༌།༡༣ ཞེས་ཁུངས་མེད་ཀྱི་འཆལ་གཏམ་སྣ་ཚོགས་གླེང་ནས་རང་ཉིད་ཀྱིས་ཚོགས་ངན་བསགས་ཏེ་ཚེ་ཐུང་དུ་བཅུགས་པ་མ་ཟད། མི་རིགས་ཀྱི་ལ་རྒྱའི་དྲི་ཙམ་ཡང་མི་བྲོ་བའི་ནང་རྟགས་ཕྱི་རུ་མངོན་པར་འཁུམས། དེས་ན་ཁོ་བོས་ལྷག་བསམ་རྣམ་དག་གི་སྒོ་ནས་དེ་དག་ལ་སྙིང་རྗེ་བསྔོ་སྨོན་རེ་བྱ་བའི་ཆེད་དང༌། སྒོས་སུ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་དད་ཞེན་ཆེ་ཡང་བོད་རང་གི་མི་རིགས་ལ་དུངས་ཀ་ལྡན་པའི་བོད་མི་གསར་སྐྱེས་ཡོངས་ལ་ལོ་རྒྱུས་སྨྲ་བའི་ཆ་རྐྱེན་ཙམ་དུ་དམིགས་ཏེ་རྫོགས་པའི་སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་ཙམ་འདི་གླེང་བའི་ངལ་བ་ཙམ་བྱས་སོ། །

མཆན་ཡིག་ལུང་ཁུངས།

༡༽ སྟོན་པ་གཤེན་རབ་ཀྱི་མཛད་མདོ་རྒྱས་པ། དཔེ་གཟུགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌།

༢༽ སྟོན་པ་གཤེན་རབ་ཀྱིས་མཛད་པའི་རྣམ་རྒྱལ་མ། དཔེ་གཟུགས། གོང་མཚུངས་དཔེ་སྐྲུན་ཁང༌།

༣༽ སྟོན་པ་གཤེན་རབ་ཀྱིས་མཛད་པའི་སྲིད་པའི་མཛོད་ཕུགས། དཔེ་གཟུགས། གོང་མཚུངས་དཔེ་སྐྲུན་ཁང༌།

༤༽ བརྡ་དག་རིན་ཆེན་གཏེར་ཁྱིམ། དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།

༥༽ གོང་མཚུངས་རིན་ཆེན་གཏེར་ཁྱིམ། དེབ་གཟུགས། གོང་མཚུངས་དཔེ་སྐྲུན་ཁང༌།

༦༽ གཙུག་ལག་རྩིས་ཀྱི་རིག་སྣང་སྲིད་མེ་ལོང༌། དཔེ་གཟུགས། ཕྱག་བྲིས་རྙིང་མ།

༧༽ མཛད་མདོ་འབྲིང་བ་གཟེར་མིག དེབ་གཟུགས། བོད་ཤེས་རིག་དཔེ་སྐྲུན་ཁང༌།

༨༽ མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད། དེབ་གཟུགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌།

༩༽ མཛད་མདོ་འབྲིང་བ་གཟེར་མིག དེབ་གཟུགས། བོད་ཤེས་རིག་དཔེ་སྐྲུན་ཁང༌།

༡༠༽ ལེགས་བཤད་རིན་ཆེན་གཏེར་མཛོད། དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང༌།

༡༡༽ སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། དཔེ་གཟུགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌།

༡༢༽ དཔལ་དོན་འགྲུབ་རྒྱལ་གྱི་གསུངས་འབུམ། ཐོར་རྩོམ་ཕྱོགས་བསྒྲིགས། དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང༌།

༡༣༽ གོང་མཚུངས་ཐོར་རྩོམ་ཕྱོགས་བསྒྲིགས། དེབ་གཟུགས། གོང་མཚུངས་དཔེ་སྐྲུན་ཁང༌།

 

རྩོམ་ཡིག་འདི་༼ནོར་མཛོད་༽༢༠༠༥ལོའི་དེབ་དང་པོའི་སྟེང་བཀོད་པ་དེ་ལས་ཕྱིས་སུ་བཟོ་བཅོས་ཅུང་བརྒྱབ་ཡོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག