ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> ཡ་ཐོག་བྱ་རུ་ཐོབ་པའི་ཞང་ཞུང་རྒྱལ་པོའི་སྐོར་གྱི་ཤེས་ཚོར་ཕྲན་གླེང་།།
ཡ་ཐོག་བྱ་རུ་ཐོབ་པའི་ཞང་ཞུང་རྒྱལ་པོའི་སྐོར་གྱི་ཤེས་ཚོར་ཕྲན་གླེང་།།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཆུ་མདོ་པད་མ་བཀྲ་ཤིས།] [ཟླ་ཚེས། 11-09-26] [ཀློག་གྲངས། ]

    ཡ་ཐོག་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའམ་སྨོན་པའི་ལུམ་ལུམ་ནས་བཟུང་། གངས་ཅན་ཡུལ་གྱི་རུས་ཆེན་བཞིའི་ཡ་གྱལ་བསེ་ཁྱུང་སྦྲ་ཡི་རིགས་ཀྱི་གདུང་རྒྱུད་རིམ་པ་བྱོན་ནས་མིའི་རིགས་ཆགས་ཚུལ་རྒྱ་ཆེ་ལ་གྲངས་མང་པོ་ཞིག་ཡོད་ངེས་པ་ནི་བཤད་མི་དགོས་པ་རེད། དེའི་ནང་ནས་ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་འདས་པའི་སྔོན་རོལ་དུ་བྱུང་བའི་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་ཞེས་བྱ་བའི་བྱ་རུ་ཐོབ་པའི་རྒྱལ་པོ་ནས་བཟུང་སྟེ་ཡ་ཐོག་ཞང་ཞུང་རྒྱལ་རབས་ཀྱི་ལོ་རྒྱུས་ཀྱི་དབུ་འཛུགས་དགོས་པ་ཡིན།
དེ་ཡང་གཤེན་རབ་ཀྱིས་བསྟན་སྤེལ་གྱི་མཛད་པའི་སྐབས་སུ། ཞང་ཞུང་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་ནོར་འཛིན་ཞེས་བྱ་བའི་འཛམ་གླིང་ཕལ་ཆེ་ལ་དབང་བསྒྱུར་བའི་རྒྱལ་པོ་ཞིག་ཡོད་ཅེས་གསུངས་ཡོད་པ་རེད། 《མ་རྒྱུད》ལས། དེ་ཡང་གངས་ཏེ་སེའི་མདུན། རི་སྤོས་རི་ངད་ལྡན་གྱི་རྩ་བ། མཚོ་མུ་ལེ་ཁྱུད་ཀྱི་འགྲམ་དུ་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་བྱོན་ཞེས་གངས་ཏེ་སེའི་མདུན་ཞོལ་དུ་གསས་ཁང་ནོར་བུ་སྤུངས་རྩིགས་བཞེངས། སངས་རྒྱས་སྟོན་པའི་ཞལ་མཇལ། ཁྲི་རྗེ་ལུང་བསྟན་གྱི་མདོ་མནོས། གར་ལྗང་གཡུ་ལོ་རྫོང་མཁར་དུ་བཞུགས(ས་ཆ་འདིར་དེང་སྐབས་རྒྱང་གྲགས་མགོན་ཟེར་བའི་ས་གནས་ཀྱི་སྐོར་ཡིན་ཟེར)ཞེས་ཡ་ཐོག་ཞང་ཞུང་རྒྱལ་རྒྱུད་ཀྱི་ཁུངས་དེ་གསས་ཆེན་ཧོས་ཀྱི་རྒྱུད་པ་ལས་ཆད་པ་བཤད་ཡོད་པ་རེད། དེ་ནས་ཧོས་རྗེ་ཁྲི་ཝེར་ནོར་འཛིན་ནམ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་སོགས་ཞང་ཞུང་རྒྱལ་ཁམས་སུ་གྲགས་ཆེ་བའི་རྒྱལ་པོ་བཅོ་བརྒྱད་རིམ་བཞིན་དུ་བྱོན་ནས་ཡུལ་ཁམས་དྲུག་ཅུ་མངའ་འབངས་དགུ་ཁྲི་དགུ་འབུམ་ལ་དབང་བསྒྱུར་མགོ་བོ་ནོན་ཏེ། ཁྱད་པར་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ། སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ། ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང་། ཞང་ཞུང་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང་། ཧྲེ་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན་དང་གསུམ་ནི། གངས་རིན་པོ་ཆེའི་མདུན་རྒྱངས་རི་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་ཆགས་སོ༎
དེ་ལྟར་དུའང་ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། གཡུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་མོ།། ཞང་ཞུང་པུ་མར་ཧྲིང་གི་ཡུལ་དུ། སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱེ་རུ་འོད་ཀྱི་བྱ་རུ་ཅན་དང་། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ།། ཞང་ཞུང་ཙི་ནའི་ཡུལ་དུ་སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང་། ཛོ་དམར་ཐིས་པུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ༎
ཞང་ཞུང་ཏ་རོག་ཡུལ་དུ་བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་། ལིག་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ༎ ཞང་ཞུང་སྟ་སྒོའི་ཡུལ་དུ་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན་དང་། ལིག་མུར་ནམ་མཁའི་རྒྱལ་པོ་བྷོ་བྷུས་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ༎ ཞང་ཞུང་ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུད་པལ་འོད་ཀྱི་བྱ་རུ་ཅན་དང་། ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང་། ཞང་ཞུང་རྒྱུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨ་ན་འོད་ཀྱི་བྱ་རུ་ཅན་སོགས་རྒྱལ་པོ་འདི་དག་གི་རིང་ལ་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་མགོ་བོ་ནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་སྐུ་ཚེ་ཡང་མི་ལོ་ཉིས་སྟོང་དུ་བཞུགས་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའང་ཡོད་དེ། རྒྱལ་པོ་སོ་སོས་ལྟེ་བ་རྒྱངས་རི་གཡུ་ལོ་ལྗོན་པ་དང་། ཁྱུང་ལུང་། པུ་མར་ཧྲིང་དང་། ཙ་ན། ཏ་རོག སྟ་སྒོ། ཁ་ཡུག ལ་དྭགས། རྒྱ་ཐོག་བཅས་སོ་སོའི་འདོད་པ་ལྟར་རྒྱལ་ཕྲན་རེར་མཛད་ཡོད །
ཡང་《གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ཉུང་བསྡུས》ལས། ཞང་ཞུང་ཡུལ་གྱི་རྒྱལ་རབས་ནི། དང་པོ་མི་ལོ་ཆིག་ཁྲི་བརྒྱད་སྟོང་ཙམ་གྱི་སྔོན་དུ་གསས་ཆེན་ཧོས་ཀྱི་གདུང་བརྒྱུད་གཅིག་འཛམ་གླིང་དབུས་སུ་ཆད་པས། སྟོད་ལ་སེང་གི་ས་གནས་ལྷོ་བྱང་གངས་མུ་ཝེར་དང་། ཕུ་ཝེར། པྲ་ཕུད་ཡོ་ཆ་སོགས་བཟུང་། སྨད་སུམ་པ་གླང་གི་གྱིམ་ཤོད་ཡན། ཞང་ཞུང་སྒོ་བ་ཁྲི་སྡེ་བརྒྱད་ཅུ་ལ་དབང་བསྒྱུར་བའི་ཧོས་རྗེ་ཁྲི་ཝེར་གནམ་ཐོག་གི་གདུང་རྒྱུད་ཀྱིས་བཟུང་བ་ཡིན་ཞེས་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་ཞེས་འཛམ་གླིང་ཕལ་ཆེར་ལ་དབང་བསྒྱུར་བ་ཞིག་ཡོད་པ་ཞེས་གསུངས་ཡོད། བཤད་ཚུལ་འདི་ལ་བརྟག་ན་འཛམ་གླིང་ཕལ་ཆེར་ལ་དབང་བསྒྱུར་བ་ཞེས་འུར་སྒྲོག་ཡིད་བརྟན་དེ་འདྲ་མེད་པར་ཡོད་ནའང། སྐབས་དེར་ཞང་ཞུང་གི་རྒྱལ་པོ་དང་རྒྱལ་གཤེན་དེ་དག་ནི་རྒྱལ་ཕྲན་གྱི་ཡ་བོ་ཙམ་མ་ཡིན་པར། ཞང་ཞུང་ཆེ་ཆུང་གཉིས་སམ་ཞང་ཞུང་སྒོ་ཕུག་བར་གསུམ་ཡོངས་ལ་དབང་སྒྱུར་ནུས་པའི་རྒྱལ་ཁམས་ཆེན་པོ་ཞིག་ཡིན་དགོས་སོ།།
དེ་ཡང་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་བྱ་བའི་མངའ་རིས་ལ་བོན་རིག་པ་རྣམས་ཀྱིས་བཞེད་ཚུལ་འདྲ་མིན་སྣ་ཚོགས་འདུག་ཀྱང་། ང་ཚོས་གནའ་རབས་ལོ་རྒྱུས་དཔྱད་གཞིར་བཟུང་སྟེ། ལྷག་པར་དུ་མཁས་དབང་ནམ་མཁའི་ནོར་བུ་དང་ཚེ་རིང་ཐར་སོགས་ཀྱིས་བོན་ཀྱི་ཡིག་རྙིང་《ཉེར་སྣང་》དང་《འཛམ་གླིང་ཡུལ་བཤད་》ལས་ལུང་དྲངས་པ་ལྟར་སྐྱ་ཐིག་ཅིག་ཕབ་ན། ཞང་ཞུང་གི་མངའ་རིས་ཀྱི་ཁྱབ་ཁུངས་ནི་ནུབ་མཐའ་བྲུ་ཤ་སྟེ་དེང་སང་ཀསྨིར་ཞེས་པ་དེ་ནས་ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་ཏེ་ཤར་ལྷོ་ཕྱོགས་སུ་དར། ཕྱོགས་དེར་དེང་སང་རྒྱ་གར་དང་བལ་པོའི་སའི་ཆ་ཉུང་ཙམ་འདུས་པ་དང་། བྱང་ཕྱོགས་ལ་ཕ་སྨིར་དང་ལི་ཡུལ་གྱི་སའི་ཆ་ཉུང་ཙམ་དང་བྱང་ཐང་སོགས་བརྒྱུད་ནས་ཤར་ཕྱོགས་སུ་བསྲིངས། ཤར་ཕྱོགས་སུ་གང་ལ་ཐུག་པར་བཞེད་པ་ནི། སྨད་སུམ་པ་གླང་གི་གྱིམ་ཤོད་ཅེས་གསལ་བ་ནི་བོན་གྱི་ཡིག་རྙིང་《ཉེར་སྣང་》ལས། ཞང་ཞུང་སྒོ་བ་ནི་སྨད་ཀྱི་ཤེ་ལེ་རྒྱ་སྐར་ཞེས་ཁྱུང་པོ་རི་རྩེ་དྲུག་ཡིན་ལ་སུམ་པ་གླང་གི་གྱིམ་ཤོད་ཀྱང་ཟེར་ཞེས་བསྟན་ཏེ། སུམ་པ་གླང་འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་བར་སྐབས་བོན་ཀྱི་ལོ་རྒྱུས་སྨྲ་བའི་དག་གིས་གསུང་ཚུལ་མི་འདྲ་བ་སྣ་ཚོགས་འདུག་སྟེ། 《དུང་དཀར་ཚིག་མཛོད་ཆེན་པོ》ལས། ཀོང་སྤྲུལ་རིན་པོ་ཆེན་ཡོན་ཏན་རྒྱ་མཚོས་མཛད་པའི་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར》ལས། སྨར་ཁམས་ཀྱི་ཡུལ་འདི་ཡིན་ཞེས་གསུངས་པ་དེ་《ཆོས་འབྱུང་མཁས་པའི་དགའ་སྟོན 》ནང་དུ་གསལ་བའི་རྒོད་ཚང་སྟོད་སྨད་གཉིས་དང་། ནགས་ཕྱོགས་བཅས་དེང་སང་གི་མིང་དཀར་ཆག་ནང་བར་ཁམས་རྒྱུད་ཀྱི་ས་ཆའི་གྲས་སུ་གསལ་པོར་འཁོད་པ་རྣམས་ཡོངས་སུ་མཐུན་པར་འདུག་པས་མདོ་སྟོད་ཀྱི་ས་གནས་རྣམས་སུམ་པའི་ཡུལ་ལ་ངོས་འཛིན་བྱེད་ཆོག་པ་འདུག་ཅེས་དང་། ཡང་《ཆོས་འབྱུང་མཁས་པའི་དགོངས་རྒྱན 》ལས། སྨད་སུམ་པ་གླང་གི་གྱིམ་ཤོད་དེ་ད་ལྟ་ཆབ་མདོ་སྟེང་ཆེན་རྫོང་གི་ཁོངས་བོན་གྱི་དགོན་གནས་གཙོ་གྲས་རྩེ་དྲུག་དགོན་ལྟེ་གནས་སུ་འཛིན་པའི་ཁུལ་དེར་ངོས་འཛིན་དགོས། གྱིམ་ཞེས་པ་ཞང་ཞིང་གི་སྐད་ཡིན་པས། ཐ་སྙད་འདིའི་གོ་དོན་ནི་བྲག་གོང་ཆེན་པོར་གོ་དགོས་ཤིང་། གྱིམ་ཤོད་ཅེས་བྲག་གོང་ཆེན་པོའི་འོག་ཏུ་གནས་པའི་ཡུལ་སྡེ་ཞིག་ཏུ་གོ་དགོས། སུམ་པ་གླང་གི་གྱིམ་ཤོད་དཔལ་ཤེལ་ལེ་རྫོང་དྲུག་གཤེན་བསྟན་དྲི་མེད་ཁྱུང་པོ་རྩེ་དྲུག་དགོན་པ་འདི་ཡང་ཆེས་སྔ་བའི་དམུ་ཁྲི་བཙན་པོའི་སྐུ་དུས་བོན་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་སོ་བདུན་གྱི་ཡ་གྱལ་ཞིག་ཡིན་ཞེས་ཁྱུང་པོ་རི་རྩེ་དྲུག་ལ་སུམ་པ་གླང་གི་གྱིམ་ཤོད་ཅེས་བསྟན་ཡོད། དེ་ལྟར་ཞང་ཞུང་སྒོ་བའི་མངའ་རིས་འདིར་གང་ནས་གང་ལ་ཐོན་པའི་ས་མཚམས་ལ་ལྟ་ཚུལ་མི་འདྲ་བ་གང་མང་ཞིག་ཡོད་པ་མ་ཟད། ལ་ལ་ད་རུང་རྒྱབ་འགལ་དུ་ཡང་སོང་ཡོད་མོད་ཅེས་པ་ལྟར་ཡིན། ཡིན་ནའང་ལོ་རྒྱུས་སྟེང་རྒྱལ་ཕྲན་གྱི་མངའ་རིས་ནི་མི་རྟག་པའི་ཆོས་ཉིད་དམ་འགྱུར་ལྡོག་གི་ངེས་པར་ཅན་ཞིག་ཡིན་པས། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་གོང་དུ་བྱུང་བའི་གསས་ཆེན་ཧོས་སུ་གྲགས་པ་ནས་བཟུང་། ཞང་ཞིང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གྱི་བར་ལ་གངས་རིས་བསྐོར་བའི་ལྗོངས་ཆེན་པོ་འདིར་མིའི་འགྲོ་བ་འཕེལ་རྒྱས་ཇི་ལྟར་བྱུང་མྱོང་ཡོད་པ་དང་། དེ་དག་གི་ནང་དུ་མཐུ་དབང་ཆེ་བའི་དབང་སྒྱུར་མཁན་གང་དག་བྱུང་ཡོད་པ་སོགས་ང་ཚོས་བསམ་བློ་རེ་གཏོང་ན། ཁ་ཚོན་ཐག་གིས་ཆོད་ཐུབ་པའི་གནས་ཚུལ་ཞིག་ག་ལ་ཡིན། ཡིན་ན་ཡང། བོད་ཀྱི་ཆོས་འབྱུང་དེབ་ཐེར་དང་། དམངས་ཁྲོད་ཀྱི་གཏམ་རྒྱུད་གང་གི་ཐོག་ནས་བལྟས་ཀྱང་ཞང་ཞུང་གི་མངའ་འོག་ནི་རྒྱ་ཆེ་ལ་ཞང་ཞུང་བྱ་རུ་ཐོབ་པའི་རྒྱལ་པོའི་སྟོབས་དབང་ཡང་ཆེན་པོར་ཡོད་པར་ཤེས་ཐུབ། རྒྱལ་པོ་དེ་དག་གི་ཆེ་རྟགས་ལ་གསེར་གྱི་བྱ་རུ་ཡི་གཟུགས་ཅན་ཡིས་མཚོན་ཡོད་པ་མ་ཟད། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་མགོ་བོར་ནོན་ཐུབ་པ་རེད།
དཔེར་ན། ཤར་རྒྱལ་རོང་གི་ཡུལ་གྲུ་འདིར་གནའ་དུས་བོད་ཀྱི་ས་སྣེ་ཞིག་ཡིན་སྟབས། ཞང་ཞུང་གི་རྒྱལ་རབས་སུ་ཆེས་གྲགས་པའི་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་རྒྱལ་པོ་ཁྲི་ཝེར་ཞེས་པ་དེ་ཉིད་ཀྱིས་རྒྱལ་ཕྲན་བྱ་རུ་ཅན་བཅོ་བརྒྱད་ཡོད་པའི་ནང་ནས། ལིག་ཝེར་གྱེར་གྱི་རྒྱལ་པོའི་གདུང་རྒྱུད་འོད་ལྡན་མི་དཀར་ཞེས་པ་དེ་ཉིད་ཀྱིས་གཙོས་པའི་ཞང་ཞུང་ལིག་ཝེར་དང་ཏ་རོག་བྱ་རུ་ཅན་གཉིས་ཀྱི་དཔུང་དམག་ཤར་རྒྱལ་མོ་རོང་དུ་བསྐྱོད་དགོས་པར་བཀའ་བསྩལ། ལིག་ཝེར་གྱེར་གྱི་རྒྱལ་པོའི་གདུང་རྒྱུད་སྟོབས་རྩལ་ཆེ་ཞིང་རྫི་འཕྲུལ་ལ་དབང་བ་ཡེ་འབུམ་དཀར་པོ་ཞེས་པ་དེ་ཉིད་སྐུ་མདོག་དཀར་ལ་འོད་དང་ལྡན་པས་ཀུན་གྱིས་འོད་ལྡན་མི་དཀར་ཞེས་འབོད། དེ་དག་གིས་ཤར་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་ས་ཆེན་ཀ་ལིང་ཀ་ཞེས་པར་དམར་པོ་གཡུ་རྩེའི་ཕོ་བྲང་ལིག་ཝེར་རྣམ་པར་རྒྱལ་བའི་རྫོང་ཆེན་བཞེངས། ལིག་ཝེར་གྱི་དཔུང་དམག་ཕལ་ཆེར་རྒྱལ་པོའི་ཕོ་བྲང་གི་ཉེ་འདབས་སུ་བཞག་པས་ད་ལྟའང་ས་ཆ་དེར་ལིག་ཝེར་ཞེས་འབོད་དེ། རྒྱལ་པོའི་མིང་ལ་ཆུ་ཆེན་རབ་བརྟན་ལིག་ཝེར་གནམ་གྱི་རྒྱལ་པོ་ཞེས་པའི་མཚན་གསོལ། ཏ་རོག་ནས་ཡོང་བའི་དམག་དཔུང་རྣམས་ཀྱི་མངའ་འོག་ག་ས་གར་བཞག་པ་དེ་ཚོས་ཡུལ་ཚོ་སོ་སོའི་དཔོན་པོ་བྱེད་མཁན་མང་བས་རྒྱལ་རོང་ཡུལ་སྐད་དུ་ཏ་རོག་ཅེས་པ་དཔོན་པོའི་སྤྱི་མིང་དུ་ཆགས་ཡོད་དེ། ཡུལ་སྐད་དུ་སྒྲ་ཟུར་ཅུང་ཟད་ཉམས་པས་ཏ་རོ་ཞེས་ཟེར། རྒྱལ་རོང་སྐད་དུ་རང་ཉིད་ཀྱི་ཐད་ཀའི་དཔོན་པོ་ལ་ཞེ་སའི་ཚུལ་དུ་ང་རོ་ཞེས་འབོད་ཀྱི་ཡོད་པ་སོགས་གནས་ཚུལ་འདིར་བརྟག་ན། ཡ་ཐོག་གི་ཞང་ཞུང་ལོ་རྒྱུས་སུ་ཞང་ཞུང་སྒོ་བའི་མངའ་འོག་སྨད་སུམ་པ་གླང་གི་གྱིམ་ཤོད་ཅེས་བསྟན་ཡོད་པའི་སུམ་པ་གླང་གི་གྱིམ་ཤོད་ཅེས་པར་ས་གནས་ངོས་དེར་གང་ཡིན་པར་རང་ཉིད་ཀྱིས་ཐག་གིས་གཅོད་མི་ཐུབ་ནའང་། གོང་གི་རྒྱལ་རོང་ལོ་རྒྱུས་ལས་ཤར་རྒྱལ་མོ་ཚ་བའི་རོང་ལ་ཞང་ཞུང་མངའ་འོག་ཏུ་བསྲིངས་ཡོད་པར་ཐག་གིས་ཆོད་ཐུབ་པ་རེད། ཇི་བཞིན་ཟེར་ན། ལོ་རྒྱུས་སུ་སྨད་སུམ་པའི་གླང་གི་གྱིམ་ཤོད་སྦས་པའི་ཤོད་ཆེན་བཅོ་བརྒྱད་ཅེས་གྲགས་པ་ཡོད་ལ། ཤོད་ཆེན་བཅོ་བརྒྱད་ནི། ནག་ཤོད་དང་། ཐོག་ཤོད། ལྕི་ཤོད། སུམ་ཤོད། དཀར་ཤོད། དམར་ཤོད། གཉིས་ཤོད། ཟླ་ཤོད། སྐྱི་ཤོད། ཡུན་ཤོད། དམའ་ཤོད། འཇའ་ཤོད། སྟག་ཤོད། འདན་ཤོད། གྱིམ་ཤོད། རྨ་ཤོད། འདྲེ་ཤོད། ཉག་ཤོད། བཅས་སོ༎སྦས་པའི་ཤོད་ཆེན་བཅོ་བརྒྱད་དེ་དག་གིས་སྨད་སུམ་པའི་གླང་གི་ས་ཆ་ཀུན་ལ་ཁྱབ་ཡོད་པས། ཤར་ཕྱོགས་རྒྱལ་མོ་རོང་ཆེན་ཡང་དེའི་ཁོངས་སུ་གཏོགས་དགོས་པ་རིག་སྟེ། བོན་གྱི་བླ་ཆེན་འཆི་མེད་ཚེ་དབང་རིག་འཛིན་གྱི་གསུང་ལས། དེ་ཡང་ཤར་ཕྱོགས་རྒྱལ་མོ་རོང་ཆེན་གྱི།། སྦས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ལས༎འགྲོ་དོན་དུས་ཀྱི་ས་རྟགས་རིམ་པ་གསུམ༎ སྦས་པའི་ཡུལ་དེར་ཤིང་ཁང་ཉལ་ཉིལ་ཆགས།། རི་ཀླུང་ཀུན་ལ་མི་ཡིས་གང་བའི་ཚེ༎ཟས་སུ་རི་དྭགས་ཤ་ཁྲག་སྲོག་ལ་འཚོ༎ཞེས་སྦས་པའི་རོང་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བའི་རོང་འདི་ནི་སྨད་སུམ་པའི་གླང་གི་ཆ་ཁོངས་སུ་གཏོགས་ཡོད་པ་ཤེས་སོ༎
དེ་ཡང་བྱ་རུ་ཐོབ་པའི་རྒྱལ་པོ་ནི་གོ་གནས་གྱི་ཐོབ་ཐང་ལས་བྱུང་བའི་མཚོན་རྟགས་ཞིག་ཡིན་དགོས་ལ། བྱ་ཁྱུང་གི་རྭའི་དབྱིབས་ལྟ་བུ་དབུ་བརྒྱན་ཆེ་ཞྭའི་བཟོ་དབྱིབས་ལ་བཤད་པ་སྣང་། སངས་རྒྱས་སྟོན་པའི་འཁོར་གསུམ་གྱི་འཁོར་དང་པོར་ཕ་ཆེར་བྱ་རུའི་གཟུགས་དབྱིབས་སྣ་ཚོ་ཅན་རྣལ་མ་ཡིན་ཏེ། ནམ་མཁའི་བ་དན་ཅན། ཁྱུང་གི་རུ་མཚོན་ཅན། རྨ་བྱའི་ལྡེམ་རྒྱང་ཅན། རྒོད་ཀྱི་འཕར་འདབ་ཅན་དང་། ཁུ་བྱུག་གསུང་སྙན་ཅན་སོགས་བྱ་རུ་སྣ་ཚོའི་བཟོ་དབྱིབས་ཀྱིས་བརྒྱན་ཡོད་པ་རེད། དེ་ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས། སྐུ་གཤེན་བོན་པོ་ལ། རིན་ཆེན་གསེར་གྱི་བྱ་རུ་ལ། གཡུ་ཡི་ལྡེམ་འཕྲུ་ཅན་དེ་གནང་ཞེས་དང་།《དར་རྒྱས་གསལ་སྒྲོན》ལས། རྒྱལ་གྱི་གོང་ན་གཤེན་བཙུན་པའི་གཙིགས་བྱིན་པ་ནི། དབུ་སྐྲ་ལ་སིལ་མ་རྩེ་རྒྱལ་ལ་བཅད་ཅིང་གཏུབ་ཏུ་མེད་པ་དང་། དར་ལ་སེང་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང་། ཞེས་རྒྱལ་པོ་གོང་མའང་སྐུ་གཤེན་དཔོན་གསས་རྣམས་ཀྱི་ཆེ་རྟགས་ལ་བྱ་ཁྱུང་གཙུག་གི་ནོར་བུ་ལྟར། ཁྱུང་རྭའི་རྩེ་ལ་བྱ་གྲིས་བརྒྱན་པ་སོགས་ལུགས་སྲོལ་འདུག ལུགས་སྲོལ་འདི་ཡང་དུས་གྱི་དབང་གིས་བསྐལ་དོན་དུ་སོང་མེད་ལ། སློབ་དཔོན་པདྨའི་དབུ་ཞྭ་བྱ་སྒྲོ་ཅན་གྱོན་པའི་སྐུ་འབྲི་བ་དང་། གླིང་སེང་ཆེན་གྱི་སྐུ་འབྲི་ཚེ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་པ་འབྲི་བ་སོགས་ཚང་མ་ཡ་ཐོག་ཞང་ཞུང་རྒྱལ་པོའི་ལུགས་ལྟར་བྲིས་པ་ཡིན། ད་ལྟའི་ང་ཚོའི་ས་ཕྱོགས་ཀྱི་གཟི་ཚ་སྡེ་དགུའི་ཕྱོགས་ཀྱི་དྭགས་པོའི་ས་ཁུགས་སུ་ཡོངས་གྲགས་ཀྱིས“བོད་དམག་བོད་རིགས”ཟེར། རུ་སྡེ་འདིའི་ཕོ་མོའི་དབུ་ལ་ཕྱིང་ཞྭ་ཟླུམ་པོ་མཐའ་ཤན་ཅན་བགྱོ ན་ནས་ཞྭ་ཐོག་ཏུ་བྱ་སྒྲོ་དཀར་བོ་འཛུགས་པའི་ཆ་ལུགས་འདི་ཡང་ཡ་ཐོག་ཞང་ཞུང་གི་ལུགས་སུ་མ་ཉམས་དུ་གནས་ཡོད་པ་འདོད་དོ།།
གནའ་སྲོལ་འདིར་ཡང་རྒྱལ་གཤེན་ཟུང་སྦྲེལ་གྱི་ཆེ་རྟགས་སམ་དབུ་རྒྱན་ཆེ་ཞྭའི་བཟོ་དབྱིབས་ཙམ་དུ་མ་ཟད། མཆོད་པའི་ཞིང་དང་བཀུར་བའི་གནས་ལའང་བརྒྱན་སྲོལ་ཡོད་དེ། མཆོད་རྟེན་དང་ཁང་བ་སོགས་ཀྱི་རྩེ་ལ་བྱ་རུ་ཁྱུང་རུས་བརྒྱན་པ་དང་། སྐུ་རྟེན་དང་ལྷ་བའི་རྨོག་ཞྭའི་ཐོག་ཏུ་བྱ་སྒྲོ་མང་བོ་འཛུགས་པ་པ་དང་། ཡི་དམ་ཁྲོ་བོའི་འཁོར་འགའ་ལ་ཡང་དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རུ་འཁྲུངས་ཞེས་བཤད་རྒྱུ་ཡོད་པ་སོགས་ཚང་མའང་ཞང་ཞུང་གི་ཡ་ཐོག་ལུགས་ཡིན་པ་གདོན་མི་ཟ། དེ་བཞིན་ཞང་ཞུང་ཞེས་པ་ལ་ཡང་ཁྱུང་དང་འབྲེལ་བ་ཡོད་དེ། 《འབེལ་གཏམ་ལུང་གི་སྙོང་པོ》ལས། བྱ་ཡི་སྤྱི་རྗེ་ཁྱུང་ཡིན་པར་བཤད་ཅིང་། དེ་ཡི་མགོའི་གཡས་གཡོན་དུ་རྭ་ཡི་རྣམ་པ་ཅན་ཕྲ་སྦོམ་དང་རིང་ཐུང་གི་ཚད་དབྱིབས་སོགས་གསལ་བར་བཤད་པར་དཀའ་ཡང་བློ་ཡིས་རགས་ཙམ་དཔྱད་ཚེ་བྱ་རྒྱལ་ཁྱུང་གི་རུ་ལ་བྱ་རུ་ཞེས་དང་། བྱ་ཁྱུང་གི་རུ་དབྱིབས་དང་མཚུངས་པས་ཁྱུང་རུ་ཞེས་བརྗོད་པའི་ཕྱིར། ཞང་ཞུང་ཞེས་པའི་མིང་འདི་ཡང་ཞང་ཞུང་གི་སྐད་དུ་ཁྱུང་ལ་ཞུང་ཞེས་བརྗོད་ཅིང། དེ་བོད་སྐད་དུ་བསྒྱུར་ན་ཁྱུང་ཞེས་འབྱུང་བས། ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པ་ཞེས་བརྗོད་པ་ཡིན་པར་བཤད་དོ༎

དཔྱད་གཞིའི་ཡིག་ཆ།
༡ ཀུན་བཟང་བློ་གྲོས་ཀྱིས་མཛད་པའི་《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ》མི་རིགས་དཔེ་སྐྲུན་ཁང་།
༢ ནམ་མཁའི་ནོར་བུས་མཛད་པའི་《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༣ བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་བརྩམས་པའི་《རྒྱལ་རོང་ལོ་རྒྱུས་སྐོར་གྱི་ཤེས་ཚོར་ཕྲན་གླེང་》《རྔ་བའི་བོད་རིག་པ》༢༠༡༠ལོའི་༡--༢
༤《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག