ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> གཡུང་དྲུང་བོན་གྱི་སྨན་འབུམ་བཞི་ལ་དཔྱད་པ།
གཡུང་དྲུང་བོན་གྱི་སྨན་འབུམ་བཞི་ལ་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ཁྱུང་བསྟན་རབ་ཀྱི་ཟིན་བྲིས་འཕྲུལ་གྱི་ཡི་གེ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་ཕུན་ཚོགས།] [ཟླ་ཚེས། 12-04-30] [ཀློག་གྲངས། ]

༼༡༽ བོན་གྱི་སྨན་འབུམ་བཞི་གསུང་ཚུལ་དཔྱད་པ།

   དེ་ཡང་སྤྱིར་ཡ་ཐོག་གངས་ཅན་གྱི་ལྗོངས་འདིར་འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་གནང་གཤིས་ཀྱི་འགྱུར་ཚུལ་དང་ལུས་ཀྱི་འབྱུང་བཞིའི་འཕེལ་འགྲིབ་སོགས་ལ་བརྟེན་ནས་ནད་རིགས་སྣ་ཚོགས་ལ་ཉམས་མྱོང་གི་འཐབ་རྩོད་རིམ་པར་བརྒྱུད་པས་གསོ་དཔྱད་ཀྱི་རང་བཞིན་ལྡན་པའི་ཤེས་རིག་ཅིག་ཡོད་པ་ཡིན་ཡང་། གསོ་དཔྱད་ཀྱི་རིག་པའི་གཞུང་ལུགས་གཏན་ལ་ཕབ་པ་ནི་ཆེས་སྔ་བ་གསོ་རིག་ཀུན་གྱི་མ་ཕྱི་སྟོན་པ་གཤེན་རབ་ཀྱིས་གསུང་པའི་འབུམ་བཞི་ཞེས་པ་དེ་རེད། དེ་གསུང་པ་པོ་སྟོན་པ་གཤེན་རབ་མི་བོ་ནི་གཤེན་ཡུལ་འོལ་མོའི་གླིང་དུ་སྐུ་སྐྱེ་བ་བཞེས་ནས་ད་བར་སྤྱི་ལོའི་སྔོན་མི་ལོ་༡༦༠༧་སོང་ཡོད་པ་གཡུང་དྲུང་བོན་གྱི་ཡིག་ཆ་ཁག་དང་གྲུབ་མཐའི་ངོས་འཛིན་ཚུལ་ཡོངས་གྲགས་ལྟ་བུར་གྱུར་འདུག དེང་དུས་ཀྱི་ཞིབ་འཇུག་པ་ཕལ་མོ་ཆེའི་མི་ལོ་༼༣༨༦༣༽ལྷག་ངོས་འཛིན་གནང་འདུག་པ་འདི་ལ་ཡང་བསམ་གཞིག་གཏོང་དགོས་པའི་གནས་སུ་གྱུར་འདུག གང་ལྟར་སྟོན་པ་གཤེན་རབ་མི་བོ་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་མ་བྱོན་གོང་མ་མཐའ་ཡང་མི་ལོ་༩༠༠་ཡས་ས་མས་ནས་ཞང་བོད་ཀྱི་ལྗོངས་སུ་ཆོས་དང་རིག་གཞུང་གི་སྲོལ་གཏོད་མཁན་ཞིག་ཡིན་པ་ནི་ངོས་འཛིན་གསལ་བོ་རེད། ཁོང་གི་གསོ་རིག་འབུམ་བཞི་གསུང་པའི་གནས་ཐུགས་མཁའ་སྔོན་ལྟར་ན་མཚན་ཡོངས་སུ་གྲགས་པའི་དམ་པ་འོལ་མོ་གླིང་ཆེན་གྱི་དབུས་རི་གཡུང་དྲུང་དགུ་བརྩེགས་ཀྱི་གསོས་བདུད་རྩི་སྨན་གྱི་ནགས་ཚལ་དུ་སངས་རྒྱས་སྨན་ལྷའི་སྐུར་བཞེངས་ནས་ཞེས་དང་། འཁོར་གྱི་གཙོ་བོ་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་དེ། བཀའ་བསྡུ་མཛད་ནས་གཏན་ལ་ཕབ་པ་སོགས་གསུངས་པས་སྨན་འབུམ་གསུང་བའི་གནས་ཞང་ཞུང་ཕུག་པ་ཡིན་པ་དང་། གསུང་པ་པོ་སྟོན་པ་གཤེན་རབ། གཉེར་གཏད་ཀྱི་སློབ་བུ་གཙོ་བོ་སྐུ་སྲས་དཔྱད་བུ་ཁྲི་ཤེས་ཡིན་པ་གསལ་བོ་མཚོན་ཐུབ་པ་དང་། གཞན་ཡང་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི་ཕྱྭ་གཤེན་ཐེག་པའི་མདོ་ལས། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། སྒོས་སུ་རྣམ་གྲངས་བཞི་རུ་བསྟན། པྲ་ལྟས་མོ་དང་སྣང་མཐོང་རྩིས། ན་གསོ་གཏོ་དང་འཆི་བསླུ་དཔྱད། རྣམ་པ་བཞི་རུ་ཤེས་པར་བྱ། ཞེས་དང་། བཞི་པ་དཔྱད་ཀྱི་འཚོ་བ་ལ། །ནད་ལ་དཔྱད་ཀྱིས་ཕན་པའི་ཕྱིར། །འགྲོ་དྲུག་སེམས་ཅན་མ་རིག་པའི། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །ནད་ལ་ཕན་དཔྱད་ཀྱིས་ཕན་པའི་ཕྱིར། །སྨན་པ་བྱང་ཆུབ་སེམས་ལྡན་གྱིས། །ཚད་མེད་བཞི་ཡི་སེམས་བསྐྱེད་ནས། །རྒྱལ་བའི་ཚོགས་ལ་སྐྱབས་སུ་འགྲོ། །དྲིན་ལེན་མཆོད་པ་མ་འདལ་འབུལ། །སངས་རྒྱས་སྨན་ལྷ་མཆེད་བརྒྱད་དང་། །བཻཌཱུརྱ་འོད་རྒྱལ་པོ་མཆོད། །མཁས་ཁྱད་ལག་ལེན་ལྡན་པ་ཡི། །རྒྱུ་རྐྱེན་ཐམས་ཅད་མཐོང་ལ་དཔྱད། །ནད་ངོས་འཛིན་པ་རྩ་ལ་དཔྱད། །ཕན་གནོད་ཐམས་ཅད་ཆུ་ལ་དཔྱད། །འཆི་སོས་ཐམས་ཅད་ཁམས་ལ་དཔྱད། །དེ་ལྟར་ནད་ངོས་འཛིན་པ་དང་། །ཚ་གྲང་བད་མཁྲིས་འདུས་པ་ལ། །བསིལ་དྲོད་སྙོམས་པའི་སྨན་སྦྱར་ནས། །ཕྱེ་མ་རི་ལུ་དྷེ་གུ་དང་། །ཐང་དང་བྱུག་དང་སྨན་སྦྱར་ནས། །གང་ལ་གང་སྨིན་འགྲོ་བའི་ནད་དང་སྦྱར་ཞེས་དང་། དེ་ཉིད་ལས། འཚོ་བ་རྣམ་པ་བཞི་ཡིན་ཏེ། །བདུད་རྩི་སྨན་གྱི་འཚོ་བ་དང་། ལུས་གསོ་སྨན་གྱི་འཚོ་བ་དང་། ཐབས་དང་སྤྱོད་ལམ་འཚོ་བ་དང་། ལུང་མ་བསྟན་གྱི་འཚོ་བ་དང་། བཅོས་པ་རྣམ་པ་བཞི་ཡིན་ཏེ། །སྨན་དང་གཏར་དང་མེ་བཙའ་དང་། །ཐབས་དང་སྔགས་ཀྱིས་ཞི་བྱེད་པ། །གང་དགོས་ནད་ཀྱི་ངོ་དང་སྦྱར། སྨན་དང་རོ་དང་ནུས་པ་ཞུ་བའི་རྗེས། །རོ་ཡི་དྲོད་དང་ནུས་པ་དྲག །ཞུ་རྗེས་འཇམ་ལ་དེས་པའོ། །ཞེས་སོགས་མོ་རྩིས་གཏོ་དཔྱད་ཀྱི་བོན་རྣམས་རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་ཁོངས་སུ་གསུངས་པ་དང་གསུང་ཡུལ་ཞང་ཞུང་ཡིན་པ་མ་ཟད་བོད་ཀྱི་གནའ་བོའི་ཆོས་དང་རིག་གཞུང་ཀུན་གྱི་ཡབ་མེས་ཡིན་པ་གསལ་བོར་མཚོན་ཐུབ་པ་གོར་མ་ཆག

༼༢༽ སྨན་གྱི་འབུམ་བཞིའི་བརྒྱུད་རིམ་ལ་དཔྱད་པ།

   བོད་ཀྱི་གསོ་རིག་ཀུན་གྱི་མ་ཕྱི་ཆེན་མོ་འབུམ་བཞི་ནི། ཐུགས་འབུམ་མཁའ་སྔོན་ལྟར་ན། སངས་རྒྱས་བསྟན་པའི་གཙོ་བོས་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་རྟག་གཟིགས་ཀྱི་མཁས་པ་ཆེན་པོ་དམུ་ཙ་ཏྲ་ཧེ་ལ་བཤད། དེས་ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་ལྡེའུ་ཡི་མཁས་པ་གྱིམ་ཚ་སྨ་ཆུང་ལ་བརྒྱུད། དེས་བན་དྷེ་མི་བདུན་གྱིས་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་གྲབ་བྱས་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབ་ཙམ་ན་གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ། །ཞེས་དང་། འབུམ་བཞིའི་ནང་མཚན་སྨན་འབུམ་དཀར་པོའི་མཇུག་ཏུ། རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་རྩེ་ནས། བན་དྷེ་མི་གསུམ་གྱིས་བཏོན་པའོ། །དེ་ནས་ལྷ་རྗེ་གཡུ་ཐོག་པས་ཞུས་སོ། །ཞེས་འཁོད་འདུག་པ་དང་། དེ་བཞིན་ནད་འབུམ་ནག་པོའི་མཇུག་ལ་ཡང་དེ་ལྟར་གསལ་པོ་འཁོད་འདུག འདི་རྣམས་ཀྱིས་བརྒྱུད་རིམ་གྱི་བརྟག་གཞི་བྱེད་པའི་གནས་ཆེ་ཤོས་ནི་ཨ་མ་ར་ཡ་ལས་བདུད་རྩི་བུམ་དགུ་པ་ཞེས་པའི་སྒྲུབ་གཞུང་འདི་ཡི་བརྒྱུད་རིམ་གྱུར་འདུག་པ་མཁས་དབང་སྨན་རི་བ་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་གསོ་རིག་འབུམ་བཞིའི་བརྒྱུད་ཁུངས་ཀྱི་དཔྱད་གཞི་ཞེས་པ་ལས་ངོས་འཛིན་གནང་ཡོད་པ་ནི་དཔྱད་པའི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་ཡོད་སྟོབས། ཨ་མ་ར་ཡའི་གཞུང་ལས། དེ་ནས་སྲིད་བོན་པོ་སྟག་ཝེར་ལིག་ཝེར་གཉིས་ཀྱིས། རྟ་སྒོ་ཤེལ་གྱི་སང་ཕུག་ཏུ། གཡུང་དྲུང་མི་འགྱུར་རྟགས་ཀྱིས་བསྒྲུབས་པའོ། །དེ་ནས་ཞང་ཞུང་མཁས་པ་ཉི་ཤུ་རྩ་གསུམ་གྱིས། བྱེ་མ་མི་འགྱུར་ཚལ་དུ་བསྒྲུབས་པའོ། །
དེ་ནས་གསང་བ་རབ་འབྱམས་དང་མན་ངག་ཀུན་འདུས་ཀྱི་རྒྱལ་པོ་མཁས་པ་ཐེག་ཆེན་དང་། ཀུན་རིག་གི་རྒྱལ་པོ་བཞིས་བྲག་རྩེ་མཐོང་གི་ངོས་ལ་བསྒྲུབས་པའོ། །
དེ་ནས་ཞང་ཞུང་ཀུན་རིག་གི་རྒྱལ་པོ་དང་གཡུང་དྲུང་སྙིང་པོ་གཉིས་ཀྱིས། སྤང་རི་ཕལ་པོ་རྩེ་ཡི་མགུལ་དུ་བསྒྲུབས་སོ། །དེ་ནས་ཁུ་མོང་ཆོས་རྗེ་ལྷ་ལོད་མར་བཞེད་ཟླ་བརྩན་དང་། མང་སྒྲ་ལེགས་མོ་དང་ཤུ་གེ་དཔལ་གྱི་གཡུང་དྲུང་དང་བཞིས། སྲམ་གྱི་བྱེའུ་གླིང་དང་། ཤེལ་མུར་བྲག་མཁན་ཁའི་བྲག་ཟང་ཟང་མོ་བསྒྲུབས་སོ། །
དེ་ནས་མཁུན་བཙུན་སྲིད་པའི་རྒྱལ་པོ་ལ་དངོས་གྲུབ་ཏུ་བབས་ཏེ། གཡུང་དྲུང་ཡང་རྩེའི་བྲག་ལ་བསྒྲུབ་བོ། །ཞེས་གསུང་འདུག་པ་དང་། ཨ་མ་ར་ཡི་གཞུང་གི་མཇུག་བྱང་ལ། བདུད་རྩི་གསང་བའི་སྒྲུབ་པ་འདི་ནི། དང་པོ་ཡུམ་སྲས་གཤེན་གསུམ་ལ་རིམ་པར་བརྒྱུད་ནས། དར་ནུབ་ཀྱི་ཆོ་འཕྲུལ་ལས། སྣ་རུ་བྲག་གནམ་སྐས་ཅན་ལ་གཏེར་དུ་སྦས་པ། ཕྱིས་སུ་ཁུ་འཛུ་སྲིད་པའི་རྒྱལ་པོ་དེ་ཉིད་ཀྱིས་གཏེར་ཞལ་ཕྱེས་ནས། ཤཱཀྱ་དཔལ་གྱི་དངོས་གྲུབ་ཏུ་ཐོབ་པ་དེ། གཤེན་དམ་པ་རྒྱལ་ཚབ་ཆེན་པོའི་མངའ་བསྙེམ་པའོ། །
དེས་རུམ་པར་བརྒྱུད་དོ། །ཞེས་པ་དང་། བདུད་རྩི་ཕམ་བུམ་དགུ་པའི་བརྒྱུད་རིམ་ནི། བོན་སྐུ་ཀུན་ཏུ་བཟང་པོ། དེས་འཕྲུལ་གཤེན་སྣང་ལྡན། ཡུང་བཟང་ཟ་རིང་བཙུན་འཆི་མེད་གཙུག་ཕུད། གསང་བ་འདུས་པ། རྨ་ལོ་དར་དཔྱང་། སྣང་བ་མདོག་ཅན། བོན་མོ་སྟག་ཟ་ལི་ཝེར། ཞང་ཞུང་ཨ་ནུ་འཕྲག་ཐག ཞང་ཞུང་སད་ནེ་གའུ། ཞང་ཞུང་ཁྱུང་ལྷ་དགྲ་འདུལ། ཞང་ཞུང་ཨ་གུ་དགྲ་འདུལ། ཞང་ཞུང་ལྷ་རི་དཀར་པོ། ཞང་ཞུང་ལ་དཀར་ཆེན་མོ། ཞང་ཞུང་ལི་མུར་ཁོད་ཏང་། ཞང་ཞུང་ཚ་ལ་རྒྱུང་ནེ། ཞང་ཞུང་ར་རིང་། ཞུང་ཞུང་ཁྱུང་དཀར། ཞང་ཞུང་དམུ་ཚ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། ཞང་ཞུང་ཨ་བོ་ཆབ་དཀར། ཞང་ཞུང་གཡུང་དྲུང་རྒྱལ་པོ། ཞང་ཞུང་ཨ་ས་གཙུག་ཕུད། ཞང་ཞུང་ཨ་འདན་ཅིང་། ཞང་ཞུང་དར་མ་ཧ་ཏི། ཞང་ཞུང་ཏ་བ་ཧ་ཏི། ཞང་ཞུང་མུ་ལ་མ་ནོས། ཞང་ཞུང་དར་ར་ལ་ཧ་ཏི། རིག་འཛིན་གསང་བ་རབ་འབྱམས། ཀུན་འདུལ་རྒྱལ་པོ། ཐེག་ཆེན་ཀུན་འདུས། ཀུན་རིག་རྒྱལ་པོ། གཡུང་དྲུང་སྙིང་པོ། ཁུ་བོན་མང་པོ་རྗེ་ལོང་། མང་རྗེ་ཟླ་མཚན། ཁུ་གཤེན་ཁུ་མང་དགྲ་ལྷ། གུ་བསྐྱེད་དཔལ་གྱི་གཡུང་དྲུང་གིས་གཏེར་བདག་ཡེ་ཤེས་དབལ་མོ་ལ་གཉེར་བཅོལ་ནས་གཏེར་དུ་སྦས་སོ།། ཕྱིས་དུས་སུ་ཁུ་འཛུ་སྲིད་པའི་རྒྱལ་པོས། སྣ་རུ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་ཏེ། ཤཱཀྱ་དཔལ་ལ་བརྒྱུད་ནས་གཏེར་གྱི་བདག་པོར་སྤྲོད་གསུངས་ནས། གཤེན་དམ་པ་རྒྱལ་ཚབ་རིན་པོ་ཆེར་གཤང་ཁྲི་ཆུང་བཅས་ཚང་མ་ཕུལ་ལོ།། གཤེན་ཆེན་དེའི་ལྷ་རྗེ་ཇོ་བཀྲ་ལ། དེས་གཤེན་སྟོན་བློ་གྲོས་སེང་གེ དེས་གཤེན་དཔོན་སྲས་ཤེས་རབ་རྒྱལ་མཚན། དེས་གཤེན་འགྲོ་བའི་མགོན་པོ། དེས་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས། དེས་གཤེན་ཆེན་པོ་བསོད་རྒྱལ་དཔལ། དེས་གཤེན་ཆེན་པོ་ཀུན་དགའ་དཔལ་ལྡན། དེས་གཤེན་ཆེན་པོ་རྣམ་དག་དྲི་མེད། དེས་གཤེན་ཆེན་པོ་དབང་གྲུབ་རྒྱལ་མཚན། དེས་གཤེན་ཆེན་པོ་ཕྱོགས་ལེགས་རྒྱལ་མཚན། དེས་དམུ་གཤེན་མཆོག་སྤྲུལ་ཉི་མ་རྒྱལ་མཚན། དེས་གཤེན་ནམ་མཁའ་རྒྱལ་མཚན། དེས་གཤེན་གཡུང་དྲུང་ཉི་མའི་རྒྱལ་པོ། དེས་གཤེན་རྒྱལ་བ་ལྷུན་གྲུབ་དཔལ་བཟང་པོ། དེས་མཚུངས་བསྟན་པ་འོད་ཟེར། དེས་གཤེན་གཙུག་ཕུད་འོད་ཟེར། དེས་མཁན་པོ་རྣམ་དག་འོད་ཟེར། དེས་མཁས་གྲུབ་ཚེ་དབང་འོད་ཟེར་ལའོ། །ཞེས་བར་གྱི་བརྒྱུད་རིམ་རྣམས་ལ་དཔྱད་ན། མཁའ་སྔོན་ལྟར་གཏེར་བུ་སྲིད་པའི་རྒྱལ་པོ་དང་ཨ་མ་ར་ཡི་གཞུང་ལྟར་གཏེར་སྟོན་གྱི་མཚན་ལ་མཁུན་བཙུན་སྲིད་པའི་རྒྱལ་པོ་ཞེས་དང་། གོང་གི་བརྒྱུད་རིམ་ལྟར་ཨ་མ་ར་ཡི་གཞུང་མཐར་ཡོད་པའི་བརྒྱུད་རིམ་གྱི་ནང་མཚན་གཏེར་སྟོན་ཁུ་འཛུ་སྲིད་པའི་རྒྱལ་པོ་ཞེས་འཁོད་པ་དེ་རྣམས་གཏེར་སྟོན་གཅིག་ཡིན་པར་སེམས་ཏེ། མཁན་ཆེན་ཉི་མ་བསྟན་འཛིན་རང་རྣམ་ལས་གཏེར་སྟོན་བརྒྱ་རྩའི་མཚན་བྱང་སྐབས་སུ་ཡང་བུ་འཚོ་སྲིད་རྒྱལ་གསུང་འདུག་པ་ལས་མཚན་གྲངས་གཞན་གཉིས་མ་བྱུང་བ་དང་། འདི་དག་གི་གཏེར་གནས་ཀྱང་ཐུགས་འབུམ་ལྟར་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཞེས་པའི་ས་གནས་དང་སྣ་རུ་བྲག་གནམ་སྐས་ཅན་གཉིས་ས་གནས་གཅིག་ལ་ངོས་འཛིན་གནང་ན་ཡང་འཐད་པར་རུང་སྟེ། གསོ་རིག་འབུམ་བཞིའི་བརྒྱུད་ཁུངས་ཀྱི་དཔྱད་གཞི་ལས། གཞུང་འདི་རྣམས་གནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས་ཞེས་པའི་ས་གནས་དེ་སྐྲག་ལ་ཡི་ནུབ་ཀྱི་རྒྱབ་ཏུ། སྤོས་རི་ངད་ལྡན་གྱི་བྲག་ཟུར་དུ་བྲག་ཕུག་ཟང་ཐལ་གནམ་ཅན་ཞེས་པ་སོགས་ཡིག་གཟུགས་འདྲ་མིན་འདུག་ཀྱང་། གང་ལྟར་སྨན་གཞུང་འདི་རྣམས་ཀྱི་གཏེར་གནས་དང་། གནའ་དུས་མིང་ཡང་འདི་ལྟར་ཡིན་ནམ་སྙམ་ནས་བརྟག་དཔྱད་བྱེད་པའི་གཞི་རུ་བཞག་ཅེས་གསུངས་པའི་ཕྱིར། གཞན་ཡང་འབུམ་བཞིའི་ཁུངས་སྟོན་པ་གཤེན་རབ་ཀྱིས་དཔྱད་བུ་ཁྲི་ཤེས་ལ་བརྒྱུད་ནས་དུས་ཀྱི་འཕོ་འགྱུར་སྣ་ཚོགས་པ་བརྒྱུད་དེ་ད་བར་དུ་གནས་པ་ནི། གོང་གི་བརྒྱུད་རིམ་དེ་དག་གིས་མཚོན་ཐུབ་སྙམ། གོང་གི་གཏེར་སྦས་མཁན་བོན་པོ་མི་བདུན་ནི་ཨ་མ་ར་ཡི་བརྒྱུད་རིམ་དུ་གསལ་བའི་ནང་ཚན་གྱི་མི་བདུན་ཡིན་ནམ། དེ་ལས་གཞན་པའི་མི་ངོས་འཛིན་དགོས་པ་གང་ཡིན་དཔྱད། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་བོད་ཡིག་བཅས་སྲོང་བཙན་སྒམ་པོའི་ཡར་སྔོན་ལ་མེད་ཅེས་པའི་ངོས་འཛིན་ཚུལ་སྣ་ཚོགས་ཤིག་བྱུང་བ་ནི། གྲུབ་མཐའི་ཕྱོགས་རིས་སུ་སོང་བའི་དབང་གིས་རིམ་བཞིན་བོད་རང་ས་ནས་དར་བའི་ཆོས་དང་རིག་གཞུང་རྣམས་གོས་ཧྲུལ་བཞིན་དུ་དོར་བའི་ལུགས་སྲོལ་དེ་དག་ནི་རང་རྐྱ་ཐུབ་པའི་ཆོས་དང་རིག་གཞུང་ལྡན་པའི་པའི་ཡབ་མེས་རྒྱལ་ཁབ་ལ་བརྙས་བཅོས་དང་ཉམས་གུད་ཀྱི་གཞིར་སོང་པ་ནི། གསོ་བ་རིག་པའི་གཞུང་ལུགས་གཅིག་པོའི་སྟེང་ནས་མཚོན་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོར་བོན་ཤེས་ཅན་བཅུ་གཉིས་དང་མཇལ་བ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དང་པོ་ལྷ་རི་གྱང་ཐོའི་རྩེ་ལ་བབ། ལྷ་རི་རོལ་པོ་བཙན་ཐང་སྒོ་བཞིར་བྱོན། དེ་ཚེ་བོད་མི་སྐལ་ལྡན་འགའ་ཡིས་མཐོང་། བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྦོ་སྟེ་ཡབ་འབངས་རུས་དྲུག་དང་ལྷ་བོ་ལྷ་སྲས། སེ་བོན་རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་སོགས་ཤེས་པ་ཅན་བཅུ་གཉིས་མཇལ། ཞེས་དང། བོན་གྱི་བྱམས་མའི་རྒྱུད་ལས། དོག་ལ་བོན་པོ་ལ་སོགས་ཤེས་པ་ཅན་བཅུ་གཉིས་ཀྱིས་རྒྱལ་སར་བཀུར་ནས། བོད་དུ་སྔ་བའི་རྒྱལ་པོ་དེ་གཉའ་ཁྲི་བཙན་པོའོ། །ཞེས་གསུངས་འདུག་པའི་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ཕན་ཤེས་སྨན་དཔྱད་ཀྱི་བོན་ཞེས་བྱ་བ་ནི། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། ཕན་ཤེས་སྨན་དཔྱད་བོན་ཞེས་བྱབ་ནི། བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ། ཞེས་གསུངས་པ་སོགས་ཀྱིས་བོད་རྒྱལ་ཐོག་མ་གཉའ་ཁྲིའི་དུས་ནས་རྒྱུ་བོན་བཞི་དར་ཡོད་པ་དང་བོད་རྒྱལ་གཉིས་པ་དམུ་ཁྲིའི་དུས་སུ་ཞང་ཞུང་ཡུལ་ནས་མཁས་པ་ཆེན་པོ་བརྒྱ་རྩ་གདན་དྲངས་པའི་ཐོག་མར་བོད་དུ་ཕེབས་མཁན་གཤེན་ནམ་མཁའ་སྣང་བ་མདོག་ཅན་ཡིན་ཏེ། སྐྱབས་སྟོན་ཁྲོ་འགྲེལ་ལས། སྣང་མདོག་ནི་དམུ་རྒྱལ་གསལ་བ་རྗེའི་སྲས་སུ་བཤད་ཅིང་། མཚན་ཡང་ནམ་མཁའ་དང་མཉམ་པར་ཐུགས་ལ་སྣང་བར་བཤད་ཅིང་། རྣམ་དག་ནས་ཞལ་མདོག་གཡུ་ཡི་མཚན་ཅན་ཟེར་བ། རྒྱུད་དབང་དང་ཡང་མཐུན་ནོ། །གཤེན་རབ་འཁོར་ལ་རྒྱ་ཆེ་གྲངས་མང་ཡང་། འཁོར་གྱི་དམ་པ་ནམ་མཁའ་སྣང་བ་མདོག་ཅན་ཟེར། མཐར་ཡང་ཡེ་ཤེས་རྒྱལ་རྒྱལ་བའི་གྲོང་ཁྱེར་དུ་མི་དམིགས་པའི་ཏིང་ངེ་འཛིན་ལ་སྙོམ་པར་བཞུགས་སོ། དམུ་ཁྲིས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་པའི་ཐོག་མ་ལ་ཡང་འདི་བོད་དུ་ཕེབས་པེ་གྲག་གོ་ཞེས་པས། སྣང་མདོག་དང་ཨ་མ་ར་ཡའི་བརྒྱུད་རིམ་སྐབས་ཀྱི་སྣང་བ་མདོག་ཅན་གཉིས་གང་ཟག་གཅིག་ཡིན་པ་དང་། མཛོད་སྒྲ་འགྲེལ་ལས། གནམ་གྱི་ཁྲི་བདུན་གྱི་དུས་སུ་སྨན་དང་གཙུག་ལག་ཡོད་པར་བསྟན་པ་དང་། དུས་དང་སྲིད་པ་དེ་ཙམ་ན། གཡུང་དྲུང་གི་བོན་མ་ཡིན་པ། རྒྱ་གར་ན་ཆོས་ཡོད། རྒྱ་ནག་ལ་རྩུག་ལག་ཡོད། ཁྲོམ་ལ་སྨན་སྤོང་ཡོད། བོད་དང་ཞང་ཞུང་ལ་གཡུང་དྲུང་བོན་གྱི་བསྟན་པ་མེན་པ་གང་ཡང་མེད་པ་ཡིན་ནོ། །སྨན་རྩུག་ལག་དང་ཡང་བོན་ལ་བྱུང་ངོ་། །ཞེས་གསུངས་འདུག་པ་ལ་བརྟགས་ན་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་རྒྱ་གར་གྱི་སྨན་པ་དགའ་བྱེད་བི་བྱེད་དང་། བི་དགའ་ལྷ་མཛེས་ཞེས་པ་གཉིས་བོད་དུ་ཕེབས་ནས་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དང་། གཡུ་ཐོག་རྙིང་ནའི་རྣམ་ཐར་རིན་ཆེན་གཏེར་མཛོད་སོགས་ལས། ཕ་མ་ན་ན་བུ་ཚས་ཕྱིར་འདོན་པ་དང་བུ་ཚ་ན་ན་ཕ་མས་ཕྱིར་འདོན་པ་ནི་ངེད་རང་བོད་ཀྱི་གོམ་ལུགས་ཡིན་ཟེར་བ་དང་། གསོ་དཔྱད་གང་ཡང་མ་དར་བ་བོད་ཡུལ་མུན་པའི་གླིང་དུ་འདུག་པ་སོགས་ཀྱི་ལྟ་ཚུལ་འདི་དག་ནི། ཤིན་ཏུ་མི་རིགས་པ་ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་སྤྱིའི་ཁོག་འབུགས་ན། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་པའི་ཕྱིར། ཞེས་དང་། བཀའ་ཐང་སྡེ་ལྔའི་ནང་ཚན་བློན་པོ་བཀའ་ཐང་ལས། བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་དུས་དོགས་པ་དྲུག་གི་དྲིས་ལན་སྐབས་དུག་ལ་སྨན་ཡོད་ཅེས་པ་དུག་སེལ་བྱེད་ཀྱི་སྨན་ཡོད་པ་གསལ་བོར་མཚོན་ཐུབ་པ་གང་གི་རྒྱུ་མཚན་དེ་དག་གིས་ཀྱང་ངེས་སོ། །

༼༣༽འབུམ་བཞིའི་ནང་དོན་གཙོ་བོ་ལ་དཔྱད་པ་ནི།

   བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་ལྟར་ན། ལེའུ་དང་པོ་གླེང་གཞི་དང་གླེང་སློང་། ལེའུ་གཉིས་པར་འབུམ་བཞི་སྤྱི་བསྡོམས་ཀྱི་ལེའུ་བརྒྱ་དང་དྲུག་ཅུ་རེ་ལྔ་བསྟན། ལེའུ་གསུམ་པར་གནས་པ་ནད་གཞིའི་སྤྱི་བསྡོམས་ངོས་བཟུང་བ་དང་། ལེའུ་བཞི་པར་ནད་གཞི་བརྟག་ཐབས་ཀྱི་ངོས་འཛིན་བསྟན། ལེའུ་ལྔ་པར་ནད་གསོ་ཐབས་ཀྱི་བསྡོམས་བསྟན། ལེའི་དྲུག་པར་དཔེ་དོན་གྱི་རྣམ་གྲངས་བསྟན། ལེའུ་བདུན་པར་འབུམ་བཞིའི་ཡོན་ཏན་གྱི་བསྡོམས་བསྟན་ནོ། །སྨན་འབུམ་དཀར་པོ་ལས་གཙོ་བོ་རྩ་ཆུ་གཉིས་ཀྱི་སྒོ་ནས་ནད་ངོས་འཛིན་ཚུལ་དང་སྨན་གྱི་སྦྱོར་སྡེ་ཐང་དང་ཕྱེ་མ་རིལ་བུ། དྷེ་གུ་སྨན་མར་སོགས་སྨན་སྦྱོར་གྱི་ལག་ལེན་བསྟན་པ་དང་། དཔྱད་འབུམ་ཁྲ་བོ་ལས་བསྟན་བྱ་གཙོ་བོ། ལུས་གྲུབ་ཚུལ་དང་ལུས་ཀྱི་དཔེ། ལུས་ཀྱི་གནས་ལུགས། ལུས་ཀྱི་མཚན་ཉིད། ལུས་ཀྱི་དབྱེ་བ། ལུས་ཀྱི་འཇིག་ལྟས་ནད་རྐྱེན། ནད་ཞུགས་ཚུལ། ནད་ཀྱི་མཚན་ཉིད། ནད་ཀྱི་དབྱེ་བ། དེ་དག་གི་གཉེན་པོར་ཁ་ཟས་དང་སྤྱོད་ལམ་སོགས་ལུས་ཟུངས་གསོ་ཐབས་སོགས་ལེའུ་སོ་གཅིག་གི་སྒོ་ནས་བསྟན། ནད་འབུམ་ནག་པོའི་ནང་དུ་བསྟན་བྱའི་གཙོ་བོ་ནད་རིགས་སྣ་ཚོགས་བཅོས་ཐབས་ཞིབ་རྒྱས་ལེའུ་དགུ་བཅུ་རྩ་བཞིའི་སྒོ་ནས་བསྟན་ནོ། །

༼༤༽རྒྱུད་བཞི་དང་འབུམ་བཞིའི་བར་གྱི་འབྲེལ་བ་གྲུབ་ཚུལ་ལ་དཔྱད་པ།

   གསོ་རིག་འབུམ་བཞི་ནི་དཔལ་ལྡན་རྒྱུད་བཞིའི་མ་ཕྱི་ཡིན་པ་དུས་རབས་ཀྱི་སྔ་ཕྱི་དང་གཞུང་གི་བརྗོད་བྱ་གང་ནས་བརྟགས་ཀྱང་ངེས་ཏེ། གཡུང་དྲུང་བོན་གྱི་ཡིག་ཆ་ཁག་ནས་གསུངས་པ་ལྟར་ན་འབུམ་བཞི་ནི་སྤྱི་ལོའི་སྔོན་དུ་མི་ལོ་ཆིག་ཁྲི་ཡས་མས་ཀྱི་དུས་སུ་སྟོན་པ་གཤེན་རབ་ཀྱིས་གསུངས་ཡོད་པ་དང་། དེང་དུས་ཀྱི་ཞིབ་འཇུག་པ་ཕལ་མོ་ཆེའི་ལྟ་སྟང་གི་ལམ་ནས་མཚོན་ན་མ་མཐའ་མི་ལོ་སུམ་སྟོང་སྔོན་ནས་གསུངས་ཡོད་པ་དང་། མཁས་དབང་ཟུར་མཁར་བ་བློ་གྲོས་རྒྱལ་པོ་ལས་སོགས་ཀྱིས་སངས་རྒྱས་གཤེན་རབ་མི་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་དུས་མཚུངས་བར་འདོད་པ་སོགས་ལྟ་ཚུལ་དུ་མ་ཡོད་རུང་གང་ལྟར་སྨན་གྱི་འབུམ་བཞི་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་གཡུ་ཐོག་རྙིང་མའི་དཔལ་ལྡན་རྒྱུད་བཞི་གཏེར་ནས་མ་དྲངས་སྔོན་མི་ལོ་བརྒྱ་ཕྲག་མང་པོའི་གོང་ནས་ཡོད་པ་གསལ་བོ་རེད། རྒྱུད་བཞི་གཡུ་ཐོག་རྙིང་མས་མཚད་པར་འདོད་པ་དང་གཡུ་ཐོག་གསར་མའི་བརྩམས་པར་འདོད་པ་སོགས་བཤད་ཚུལ་དུ་མ་ཡོད་ཀྱང་ཞིབ་འཇུག་གི་ལམ་ནས་དངོས་ཡོད་བདེན་ཚོལ་མ་ཡིན་པ་ནི། གཡུ་ཐོག་རྙིང་མ་རྒྱ་གར་ནས་ཚུར་བྱོན་དུས་རྒྱུད་བཞི་གཏེར་དུ་སྦས་ཡོད་པ་གཡུ་ཐོག་རྙིང་མའི་རྣམ་ཐར་ལས་གསལ་བོར་བསྟན་འདུག མདོར་ན་བཻ་རོས་འབུམ་བཞི་འདི་རྒྱུད་བཞིར་བསྒྱུར་བར་ངེས་ཏེ། བཀའ་ཐང་ཤེར་བྲག་མའི་ལེའུ་བཞི་པ་ལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར་ཞེས་བོན་རྣམས་ཆོས་སུ་བསྒྱུར་ཡོད་པ་གསལ་བོ་རེད། དེས་ན་དུས་རབས་བརྒྱད་པའི་ནང་དུ་བཻ་རོས་བདུད་རྩི་སྨན་གྱི་མདོ་དགུའི་ནང་ཚན་གསོ་རིག་འབུམ་བཞི་འདི་དཔལ་ལྡན་རྒྱུད་བཞིར་བསྒྱུར་ཡོད་པ་ནི། རབ་བྱུང་བཅུ་བཞི་བའི་ནང་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་པ་ལས། གཞན་སྡེས་བཅོས་པ་ཡི་ཐུགས་འབུམ་ལ་རྩ་ས་ཐུགས་རྒྱུད་དང་། སྨན་འབུམ་ལ་ཕྱི་མ་རྒྱུད་དང་། དཔྱད་འབུམ་ལ་བཤད་རྒྱུད་དང་། ནད་འབུམ་ལ་མན་ངག་རྒྱུད་བྱ་བ་མིང་བཏགས་ནས། ཟབ་བཅོས་སྔགས་རྣམས་ཞང་སྐད་རང་སར་བཞག་སྟེ། གོ་རིམ་བརྗེས་ཤིང་བཻ་རོས་བོན་ལས་བསྒྱུར་བའི་རྟགས་སུ། བཅོམ་ལྡན་འདས་ཀྱི་འཁོར་ལ་དྲང་སྲོང་བྱ་བ་ཆོས་མདོ་གཞན་ལས་མེད་པར་འདིར་བཞག་པ་ནི་བཀའ་རྟགས་སོ་ཞེས་གསུངས་པས་ཤེས་ལ། ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས། འོ་ན་གསོ་རིག་རྒྱུད་བཞི་དེ་གང་འདྲ་བྱས་ནས་བྱུང་ཡོད་ཅེ་ན། གོང་གསལ་ལྟར་འདིར་འབུམ་རྒྱུད་གཉིས་ཕན་ཚུན་གོ་བསྡུར་ནས་བརྟག་ན། ཐོག་མར་གསོ་རིག་འབུམ་བཞི་བྱུང་ཞིང་དེ་ནས་རིམ་བཞིན་ཚིག་སྦྱོར་དང་། ལེའུའི་གོང་རིམ་རྣམས་དག་བཅོས་དང་ལེགས་སྒྲིག་བྱས་པ་ནི་གསོ་རིག་རྒྱུད་བཞི་ཡིན་པ་བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འབུམ་རྒྱུད་གཉིས་པོ་ཕན་ཚུན་གོ་བསྡུར་ནས་བལྟས་པ་ཙམ་གྱིས་ཤེས་སླ། འོན་ཀྱང་ཆགས་སྡང་གཉིས་ཀྱི་ཁྲི་ལ་ང་རྒྱལ་གྱི་ཅོད་པན་གསོལ་བའི་མཁས་པའི་མཚན་སྙན་འཛིན་ནས་བཞུགས་པ་རྣམས་ལ་སངས་རྒྱས་དངོས་བྱོན་ནས་བདེན་དོན་ངོ་སྤྲོད་གནང་ཡང་རང་འདོད་ཀྱི་ལྟ་བ་ནམ་ཡང་འགྱུར་མི་སྲིད་པས། དེ་དང་དེའི་རིགས་ལ་བདེན་དོན་ར་སྤྲོད་པའི་ངལ་བ་མི་བྱའོ། །ཞེས་དང་། སྟང་ཚང་ལོ་ཙཱ་བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། རྒྱ་གར་འཕགས་པའི་ཡུལ་ན་མེད། བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། གསུངས་པས་ཀྱང་བཻ་རོས་རྒྱ་གར་ནས་བསྒྱུར་བ་མ་ཡིན་པར་འབུམ་བཞི་བསྒྱུར་བ་ཡིན་པའི་བདེན་དཔང་ཐུབ་སྙམས། ཐུགས་འབུམ་གྱི་དབུར་ཞང་ཞུང་སྐད་དུ། འཚོ་ཅི་དེ་ཤིན་ཙ་རི་ཤེ་འབའ་མུ་ཏིང་བིན། བོད་སྐད་དུ། གསོ་རིག་ཐུགས་འབུམ་མཁའ་སྔོན་ཞེས་བྱ་བའོ། །ཞེས་གསུངས་པ་དེ་རྩ་རྒྱུད་ལས། རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཧྲྀ་ད་ཡ་ཨངྒ་ཨྴྟ་གུ་ཧྱ་ཨུ་པ་དེ་ཤ་ཏྣྟ་ནཱ་མ། བོད་སྐད་དུ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བསྒྱུར་འདུག་པ་དང་། ཐུགས་འབུམ་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པ་རྩ་རྒྱུད་ཞས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་བསྒྱུར་བ་དང་། ཐུགས་འབུམ་ལས་མཆོད་བརྗོད་ནི། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །ནམ་མཁའི་མདོག་ཅན་བསྟན་པའི་གཙོ་ལ་བསྟོད། །ཅེས་པ་རྩ་རྒྱུད་ལས། ཚིག་རྐང་དང་པོའི་ནང་གི་གཤེན་རབ་མཆོག་ཅེས་པའི་ཚབ་ཏུ་བཅམ་ལྡན་འདས་བཞག་པ་དང་། གོང་གི་ཚིག་རྐང་བཞི་པ་བཻཌཱུ་རྱ་ཡི་འོད་ལ་ཕྱག་འཚལ་ལོ་ཞེས་རྩ་རྒྱུད་དུ་བསྒྱུར་བ་ཙམ་ལས་གཅིག་མཚུངས་སུ་འདུག ཐུགས་འབུམ་ལས། གསུང་གནས་འོལ་གླིང་དང་གསུང་པ་པོ་སྟོན་པ་གཤེན་རབ། ཞུ་འཁོར་དྲང་སྲོང་བརྒྱད་ལས་དྲང་སྲོང་དཔྱད་བུ་ཁྲི་ཤེས་བསྟན་ཡོད་པ་རྣམས། རྩ་རྒྱུད་དུ་གསུང་གནས་རི་བོ་འབིགས་བྱེད་དང་གངས་ཅན་གསུང་པ་པོ་དྲང་སྲོང་ཡེ་ཤེས་དང་ཞུ་བ་པོ་དྲང་སྲོང་ཡིད་ལ་སྐྱེས་རྣམས་སུ་བསྒྱུར་འདུག ཐུགས་འབུམ་ལས་འཁོར་གྱི་གཙོ་བོ་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས་དང་། ལྷ་མི་དྲང་སྲོང་མངོན་པར་ཤེས་པ་དང་། བདེན་པར་སྨྲ་བ་དང་། རིག་པར་སྨྲ་བ་དང་། ངེས་པར་སྨྲ་བ་དང་། ཡིད་ལས་སྤྲུལ་པ་དང་། ཡིད་ལས་བྱུང་བ་དང་། ཡིད་ལས་སྐྱེས་པ་དང་། ཡིད་ལ་གྲུབ་པ་སོགས་དྲང་སྲོང་ཆེན་པོ་བརྒྱད་དང་། ཞེས་དྲང་སྲོང་བརྒྱད་ཀྱི་ནང་ཚན་ཡིད་ལས་སྐྱེས་དང་རྒྱུད་བཞི་ཞུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས་ལ་ཁ་བསྒྱུར་བ་ཡིན་ནམ་སྙམ། ཐུགས་འབུམ་ལེའུ་གཉིས་པའི་སྐབས་སུ། དེ་ལ་སྟོན་པའི་བཀའ་བསྩལ་པ། འདུས་པའི་འཁོར་རྣམས་མ་ཡེངས་བདག་ལ་ཉོན། འབུམ་ལ་ཐུགས་འབུམ་སྨན་འབུམ་དཔྱད་འབུམ་ནད་འབུམ་བཞི་རུ་སྟོན། རྩ་རྒྱུད་ལས། སྟོན་པའི་བཀའ་བསྩལ་བ། ཀྱེ་དྲང་སྲོང་ཆེན་པོ་ཉོག་ཅིག རྒྱུད་བཞི་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། རྩ་བའི་རྒྱུད་དང་བཤད་པའི་རྒྱུད། མན་ངག་རྒྱུད་དང་ཕྱི་མའི་རྒྱུད། དེ་ལྟར་རྒྱུད་བཞི་ཤེས་པར་བྱ། ཡན་ལགས་བརྒྱད་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། ལུས་དང་བྱིས་པ་མོ་ནད་གདོན། མཚོན་དུག་རྒས་དང་རོ་ཙ་བ། ཡན་ལག་བརྒྱད་དུ་ཤེས་པར་བྱའོ། །ཚིག་སྦྱོར་གྱི་ཁྱད་པར་ཅུང་ཙམ་ལས་བསྟན་དོན་གཅིག་པ་དང་། གཞན་ཡང་ཐུགས་འབུམ་ལས། རྩ་བ་མདོ་ཡི་གནས་དང་གཅིག གྲུབ་པ་ལུས་ཀྱི་གནས་དང་གཉིས་སོགས་ནས་གཞུང་གཉིས་ཁ་བསྒྲུག་རྒྱུ་རིམ་བཞིན་འདུག ཐུགས་འབུམ་ལས་འབུམ་གྱི་ཆེ་བ་བརྗོད་པའི་ལེའུ་བདུན་འདི་རྩ་རྒྱུད་དུ་བསྒྱུར་མེད་སྟབས་ལེའུ་དྲུག་ལས་མེད་དོ། །སྨན་འབུམ་དཀར་པོ་དང་ཕྱི་མ་འཕྲིན་ལས་རྒྱུད་གཉིས་ཀྱི་ཁྱད་པར་གོང་བཞིན་གསུང་ཡུལ་དང་གསུང་པ་པོ་ཞུ་བ་པོ་བཅས་མི་འདྲ་བ་ལས་བརྗོད་དོན་ཕལ་ཆེར་མཚུངས་ཀྱང་ཚིག་གི་སྦྱོར་ཚུལ་དང་ལེའུ་གྲངས་མང་ཉུང་ཅུང་ཟད་ཡོད་པ་ལས་འབུམ་བཞི་བསྒྱུར་བ་མིན་པའི་རྟགས་མཚན་མི་སྣང་། དེ་བཞིན་དུ་འབུམ་བཞི་ལས་དཔྱད་འབུམ་ཁྲ་བོ་དང་རྒྱུད་བཞིའི་ནང་ཚན་བཤད་རྒྱུད་གཉིས་ཀྱང་ཕལ་ཆེར་གོང་དང་འདྲ་ལ། འབུམ་བཞིའི་ནང་ཚན་ནད་འབུམ་ནག་པོའི་ནང་གི་གཟའ་ནད་དང་ཀླུ་ནད་བཅོས་པའི་ལེའུ་སྐབས་ཀྱི་ཞང་ཡིག་རྣམས་དང་ཞང་སྐད་ཀྱི་སྔགས་རྣམས་མན་ངག་རྒྱུད་དུ་མེད་པ་དང་། བཅུད་ལེན་གྱི་ལེའུ་ཚེ་བཀྲག་བསྐྱེད་པའི་ཞང་སྐད་ཀྱི་སྔགས་རྣམས་མན་ངག་རྒྱུད་དུ་ལེགས་སྦྱར་སྐད་ཀྱི་གཟུངས་སྔགས་སུ་བསྒྱུར་བ་དང་ལེའུ་ལའང་མང་ཉུང་ཅུང་ཙམ་ལས་ཁྱད་པར་ཆེར་མེད་པར་སྣང་ངོ་། །དེས་ན་བསྒྱུར་གཞི་འབུམ་བཞི་ལས་བསྒྱུར་བོན་རྒྱུད་བཞི་བསྒྱུར་བ་ཡིན་པ་གསལ་བོ་མཐོང་ཐུབ། མདོར་ན་བོད་ཀྱི་གསོ་རིག་པའི་མ་ཕྱི་ཆེན་མོ་འབུམ་བཞི་འདི་དུས་ཀྱི་ཉེན་འཕྲང་རིམ་པར་བརྒྱུད་དེ་མ་འཇིག་པར་གནས་པ་ནི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གཞི་བླ་ན་མེད་པ་ཞིག་ཏུ་སྣང་ངོ་། '

ཞེས་སྤྱི་ལོ་༢༠༠༦ལོའི་ཟླ་༦་ཚེས་༡༢་ཉིན་ལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག