བདེ་ཁང་བསོད་ནམས་ཆོས་རྒྱལ་རྒྱལ་གྱིས་བསྒྱུར།
དཔེ་མཚོན་བེད་སྤྱོད་བྱེད་ཚུལ་དེས་རྩོམ་རིག་དང་འདུ་ཤེས་འཕེལ་རིམ་ཁྲོད་གལ་ཆེའི་གནས་བབས་བཟུང་ཡོད། དེ་ཡང་བོན་ནི་དུག་དང་སངས་རྒྱས་ཆོས་ལུགས་ནི་བདུད་རྩིར་ངོས་འཛིན་བྱས་པ་ལྟ་བུའོ། །
བོད་བཙན་པོའི་སྐབས་གཏེར་དུ་སྦས་པའི་ཏུན་ཧོང་ཡིག་རྙིང་ལས། གནའ་བོའི་བོད་མིས་དད་པ་བྱེད་པའི་ཆོས་ལ་བོན་ཞེས་བརྗོད་པ་དང་། སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་བོན་ལ་མུ་སྟེགས་ཞེས་ཟེར་བ་ཡིན། གོང་དུ་བརྗོད་པའི་དཔེ་ཆ་དེ་དང་རྙེད་ཡུལ་གཅིག་པ་ཡིན་པའི་དཔེ་ཆ་PT༡༢༨༤ནང་དུའང་གནའ་བོའི་བོད་པ་རྣམས་ཀྱིས་དད་པ་བྱེད་པའི་ཅུང་ཟད་རང་སྐྱ་འཕེར་བའི་ཆོས་ལུགས་ཤིག་ཡོད་ཚུལ་འཁོད་ཡོད། ལར་འདིར་བརྗོད་པའི་དཔེ་ཆ་གཅིག་པུ་དེ་རང་མ་ཡིན་པར། མིག་སྔར་བོད་རིག་པའི་མཁས་པ་རྣམས་ཀྱིས་སྤྱོད་ཡུལ་དུ་གྱུར་ཞིང་དཔར་དུ་བསྐྲུན་ཟིན་པའི་སངས་རྒྱས་ཆོས་ལུགས་ཀྱི་འདས་མཆོད་ཀྱི་དཔེ་ཆ་ཞིག་ནང་དུའང་བོན་སྐོར་འདི་ལྟར་འཁོད་ཡོད་དེ།
བོན། །
མི་ནག་པོའི་གཞུང་། །
སྲིད་ནག་པོའི་ལུགས། །
བོན་ཡས་འདོད་སྨྲང་། ། ཞེས་དང་།
ཆོས། །
ལྷ་ཆོས་དཀར་པོའི་གཞུང་། །
མྱི་དཀར་པོའི་ལུགས། །
ཤིད་དཀར་པོའི་ཆེས་༼ཆོས་༽ཞེས་པ་ལྟ་བུའོ། །
གོང་དུ་བརྗོད་པའི་དཔེ་ཆའི་ནང་མོ་བོན་ཞེས་པ་ནི་བོན་གྱི་ཆོ་ག་སྤེལ་མཁན་ལ་ཟེར་བ་མ་ཟད། དེ་ནི་ཆོས་ཀྱི་དགྲ་ཟླའི་ཁོངས་སུ་བཞག་ཡོད་ནའང་། ཕྱིས་སུ་ཐོན་པའི་དཔེ་ཆའི་ནང་དུ། ཐ་སྙད་དེ་མོ་པའི་དོན་ལ་གོ་ཞིང་། གཞན་ཡང་གནའ་བོའི་དཔེ་ཆ་ཁག་གཅིག་ནང་དུ་བོན་པོ་དང་བོན་མོ་ཞེས་མོ་བོན་ཞེས་པའི་མིང་དེ་གབ་ཕྱི་སློག་ནས་བོན་མོ་ཞེས་བོན་གྱི་ཆོ་ག་སྤེལ་མཁན་གྱི་བུད་མེད་ཅིག་ལ་གོ་བའི་ཕྱོགས་སུ་འཕོ་འགྱུར་ཕྱིན་ཡོད།
གོང་དུ་བརྗོད་པའི་ཏུན་ཧོང་ནས་རྙེད་པའི་དཔེ་ཆ་དེ་དང་། PT༢༣༩/༢དེ་བཞིན་དཔྱད་གཞི་གཞན་པ་ཇི་སྙེད་ཅིག་གི་ནང་དོན་ལས། བོད་བཙན་པོའི་སྐབས་ཀྱི་བོན་ནི་ཡོངས་ཁྱབ་རང་བཞིན་ལྡན་ཞིང་རང་ཚུགས་ཐུབ་པའི་ཆོས་ལུགས་ཤིག་ཡིན་ཚུལ་ར་སྤྲོད་བྱས་ཡོད།
འོན་ཀྱང་། སྐབས་དེ་ཤེད་ཀྱི་བོན་ཞེས་པའི་ཆོས་ལུགས་དེའི་མ་ལག་ལ་འགྲེལ་བཤད་གཙང་མ་ཞིག་རྒྱབ་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཤིག་ཡིན་ལ། ང་ཚོས་སྐབས་དེའི་བོན་གྱི་མཚན་ཉིད་རིག་པའི་མ་ལག་དང་གཞུང་ལུགས་སྐོར་དེ་བས་ཤེས་རྟོགས་ཐུབ་མེད། རྒྱུ་མཚན་དེ་དག་གིས་རྐྱེན་གྱིས་མིག་སྔར་ང་ཚོས་བརྗོད་པའི་མ་ལག་ལྡན་པའི་བོན་ལུགས་ཞེས་པ་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་བརྗོད་པའི་བསྒྱུར་བོན་ཟེར་བ་དེ་ལགས་ཤིང་། དེ་ལ་ཕྱིས་ཀྱི་བོན་པོ་རྣམས་ཀྱིས་གཡུང་དྲུང་བོན་ཞེས་ཟེར་བ་མ་ཟད། དེ་ནི་བཙན་པོའི་རྒྱལ་རབས་སྐབས་ནས་བྱུང་ཞིང་དར་ཡོད་ཚུལ་བརྗོད་པ་ཡིན། གོང་དུ་བཤད་ཟིན་པའི་བོན་ལུགས་ཀྱི་ཐ་སྙད་དེ་དག་ལ་དབྱེ་ཞིབ་བྱེད་རྒྱུ་ནི་ཤིན་ཏུ་རྙོག་འཛིང་ཆེ་བའི་གནས་ཤིག་ལགས་ནའང་། ཁོ་བོའི་འདོད་ཚུལ་ནི་དུས་རབས་བཅུ་གཅིག་ནས་འགོ་བརྩམས་པའི་མ་ལག་ལྡན་པའི་བོན་ལུགས་ཞེས་པ་དེ་ནི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་དེ་དང་བཙན་པོའི་སྐབས་སུ་དར་བའི་བོན་ལུགས་གཉིས་དབར་ཏན་ཏན་འབྲེལ་བ་ཞིག་ཡོད་པ་དང་། དེ་ལྟ་བུའི་ལོ་རྒྱུས་ཀྱི་དུས་མཚམས་གཉིས་པོ་སོ་སོའི་ནང་དར་བའི་སྲོལ་རྒྱུན་དེ་གཉིས་དབར་གྱི་འབྲེལ་བའི་གནས་སྟངས་ལ་མཐོང་ཆུང་གཏན་ནས་བྱ་མི་ཉན་ནོ། །
དེ་ཡང་འདིར་ཏུན་ཧོང་ནས་རྙེད་ཅིང་ད་ལྟ་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སེར་གནས་པའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་དཔེ་ཆ་དེའི་ནང་དོན་ཁག་གཅིག་ངོ་སྤྲོད་བྱས་ན་གཤམ་གསལ་ལྟར་རོ། །
ཅི་ལྟར་དབྱར་གི་༼གྱི་༽ལྗོན་ཤིང་བཟང་པོ་ལ། །
ཡས་ཀ་ལོ་འབྲས་མེ་ཏོག་འབྲས་་་་་་ཀྱང་། །
གྲང་ལྷགས་ཐན་དྲགས་དུས་ཀྱི་རླུང་བྱུང་བས།
དེ་དག་སྐད་ཅིག་ཙམ་གིས་༼གྱིས་༽མེད་པ་ལྟར། །
ཚེ་འདི་མི་རྟག་མྱུར་དུ་འགྲོ་དགོས་ནའ། །
ཅིས་ཀྱང་མི་ཟློག་སྒྱུ་མའི་རང་བཞིན་ཅན། །
འཆི་བདག་སྡེ་ཆེན་རྡིང་༼རྟིང་༽ལ་ཐུག་བཞིན་དུ། །
སེམས་ཅན་བྱིས་པ་རྒན་དགོན་༼རྒོན་༽ད་དུང་མ་ཚོར་དུང་༼འདུག་༽དུ་རེ། །
ཐོག་མ་མེད་པའི་འབད་ཐག་བཅད་པ་ན། །
འཁོར་བའི་གཅོང་རོང་མྱི་བཟད་ཁ་འདྲིམ་༼འགྲིམ༽བཞིན། །
དེ་ཀུན་དག་ན་སྡུག་བསྔལ་ནད་རྣམས་ཀྱང་། །
བསད་ནས་ལཱ༼རྦ་༽དེར་ནི་འགྲོ་དགོས་ན། །
ད་དུང་མ་ཚོར་གླེན་པ་༼པའི་༽རང་བཞིན་་་་་་༼ཅན༽། །
དབྱུག་པས་རྒྱབ་ཀྱང་འབད་པའི་སེམས་མེད་ནའ། །
བྱོལ་སོང་པྱུག་༼ཕྱུགས་༽བུ་དང་ཅི་མི་འདྲ། །
བསམ་པ་མེད་པའི་ཉལ་ཏེ་གཉིད་ལོག་ན། །
འཇིག་རྟེན་འདི་ཡི་བསོད་ནམས་སྒོ་རུ་ནུབ། །
སྔུན་གི་༼གྱི་༽བསོད་ནམས་ཅི་བསགས་ཟད་དུ་ཉེ། །
བདག་ལ་བདག་གིས་བཞེན་༼གཞེན་༽བསྐུལ་མ་བཏབ་ན། །
དགེ་བའི་ལས་རྣམས་ཕེལ་ཆེར་སྤྱད་པ་ནི། །
ཞིང་རབ་ཞིང་ལ་ས་བོན་བཏབ་པ་བཞིན། །
དཔྱིད་ལ་སྣང་བ་མེད་ཀྱང་ལོ་འབྲས་སྟོན་ན་རྩ་༼བཙའ༽། །
སྡིག་པའི་ལས་རྣམས་ཕལ་ཆེར་སྤྱད་པ་ནི། །
འཕྲལ་དུ་ལུས་ལ་མཚོན་ལྟར་མྱི་གཅོད་ཀྱང་། །
གང་ལྟར་འགྲོ་བའི་ས་ཕྱོགས་དེ་ན་སྡོད། །
ད་ལྟར་ཆོས་སྤྱོད་ཁོམ་པ་༼པའི་༽ཚེ། །
དོན་མཆོག་བདུད་རྩི་ལས་སུ་བྱོས། །
དགེ་སྤྱོད་མྱེལ་ཚེ་དམ་དུ་གྱིས། །
མཐོ་རིས་སྐྱེས་པའི་ལྷ་དང་མྱི། །
ཡི་དགས་༼དྭགས་༽བྱོལ་སོང་དམྱལ་བ་གསུམ། །
གང་་་་་་བདག་ལ་དབང་ཡོད་ན། །
ཅི་ཕྱིརད་བདག་ལ་གནོད་པ་བྱེད། །
དུག་དང་བདུད་རྩི་གང་ཡིན་པ། །
བལྟས་ན་གསལ་བར་མྱི་མངོན་ནམ། །
བླུན་པོ་སེམས་ལ་སླ་སྙམ་ན། །
བདུད་ཀྱི་ཞགས་པས་ཟིན་ནས་སུ། །
ངན་སོང་གསུམ་དུ་ཁྲིད་འོག་དུ་༼ཏུ༽། །
དེ་ནས་འགྱོད་པས་ཕན་པ་མྱེད། །
ཅི་ལྟར་དབང་ཆེ་གཉེན་མང་ཡང་། །
ཤི་བའི་དུས་ན་ཆེ་ཆུང་མེད། །
དེ་ཡི་དུས་ན་དཔའ་སྡར་མེད། །
བདག་ཉིད་མལ་ན་ཉལ་བཞིན་དུ། །
གཉེན་བཤེས་མང་པོས་མཐའ་བསྐོར་ཡང་། །
སྲོག་གཅོད་མྱི་བཟོད་སྡུག་བསྔལ་དག།
བདག་ཉིད་གཅིག་པུས་མྱོང་བར་འགྱུར། །
དེ་བས་གཉེན་དང་བཤེས་ཅི་ཕན། །
འཛངས་པ་དམ་ཆོས་མྱི་སྤྱོད་ན། །
དེ་ནི་སྤྲེའུ་གཅམ་དོན་མེད་ཡིན། །
མཁས་པ་ཚུལ་ཁྲིགས་༼ཁྲིམས་༽མི་སྲུང་ན། །
དེ་ནི་གསེར་པ་ལག་སྟོང་ཡིན། །
ཕྱུག་ལ་སྦྱིན་པ་མྱི་གཏོང་ན། །
དེ་ནི་གཞན་གི་༼གྱི༽གཏེར་སྲུངས་ཡིན། །
ཧ་ཆང་༼ཅང་༽བསོགས་ལ་མ་ཞེན་ཅིག།
ར་ཆང་༼ཅང་༽བསོགས་ལ་ཞེན་པ་ནི། །
བསགས་པ་གཞན་གི་༼གྱི་༽ནོར་དུ་འགྱུར། །
སྦྲང་མས་འབད་དེ་རྩི་བསགས་ཀྱང་། །
སྦྲང་རྩི་གཞན་དག་སྤྱོད་པར་སྣང་། །
གར་སྐྱེས་སུ་ནི་ཟ་ཞེས་ན། །
རང་གི་རྩོལ་བ་དོར་མྱི་བྱ། །
འབད་པ་མེད་པར་ཏིག་དག་ལ། །
ཏིལ་མར་ཐོབ་པར་འགྱུར་མ་ཡིན། །
དཔེར་ན་བྲ་སྲན་ས་བོན་༼ལ་༽ལས། །
འབྲས་བུ་ནས་སུ་ག་ལ་སྐྱེ། །
ལེགས་པར་སྤྱད་ན་དཔལ་དུ་འགྱུར། །
ཉེས་པར་སྤྱད་ན་བྱུར་དུ་འོང་། །
སོ་སོ་བྱིས་པ་སྐྱེ་བོ་རྣམས། །
མུ་སྟེགས་བོན་ལ་ཡིད་ཆེས་སྟེ། །
ལས་ཀྱི་དོན་དུ་མཚན་མ་སྤྱོད། །
དཔེར་ན་སྦུར་བུ་འགྲོ་བྱེད་པའ། །
བལ་རྡུད་༼སྡུད་༽ནང་དུ་ཤུལ་དྲངས་ནས། །
སུག་དྲུག་བསྐྱོད་ཅིང་ཕྱིར་ཕྱིར་དམ། །
མོ་བོན་དག་ལ་སྲིད་མ་ལྟོས། །
འདྲེ་སྲིན་དག་ལ་ཡར་མ་མཆོད། །
བདུད་དང་བགག་༼བགེགས་༽ལ་སྐྱབས་མ་ཚོལ། །
སྡུག་བསྔལ་སྐྱབས་སུ་ལྷ་ཆོས་བཟང་། །
སྐྱེ་ཤི་མགོན་དུ་སངས་རྒྱས་ཆེ། །
འཕགས་པའི་དགེ་འདུན་ཕན་སྟོན་ཡིན། །
ཀྱེ་རིགས་ཀྱི་བུ་རྣམས་དགོངས་སུ་གསོལ། །
ཡང་དག་བདུད་རྩི་སྨན་བླུན་༼བླུད་༽ན། །
ལོག་པར་ལྟ་བའི་དུག་མ་འཐུང་། །
མྱི་ཅིག་སྐྱེས་པའི་ཚེ་ལུས་ལ། །
བཟང་བྱས་ངན་བྱས་མདུན་དུ་ཐལ། །
ཆེ་བསགས་ཆུང་བསགས་ཕྱི་ན་ལུས། །
བུས་པ་གཞོན་ནུ་རྟག་སྙམ་ནའ། །
བུས་པ་གཞོན་ནུ་ག་ལ་རྟག།
གསད་སར་ཁྲིད་པའི་བརྩོན་༼བཙོན་༽བཞིན་དུ། །
གོམ་རེ་བོར་ཞིང་ཤི་དང་ཉེ། །
སང་ཙམ་འཆི་ཡང་སུ་༼སུས་༽ཤེས་ཀྱིས། །
བདེར་བར་འདུག་པར་མྱི་རིགས་སྟེ། །
དི་རིང་ཁོ་ན་བདུད་༼འདུད་༽དེ་བྱ། །
སང་ཤི་གནང་ཤི་སུས་ཤེས་ཀྱིས། །
ཁྲི་འབོད་སྟོང་འབོད་རྣས་མི་ཐོས། །
བདུད་ཀྱི་ཞགས་པས་ཟིན་པ་ནི། །
བདུད་ནི་ཅི་ལ་བསམ་པ་ཆུང་། །
བགྲགས་༼བགེགས་༽ནི་ཅི་ཡི་བར་དུ་འཇིག།
གདོན་ནི་ཅི་ལ་རྐྱལ་ཀ་བྱེད། །
ཚེ་ཅིག་བསགས་པའི་ནོར་ཟས་དང་། །
བུ་དང་ཆུང་མ་འཁོར་ཡུལ་༼ཡུག་༽རྣམས། །
བོར་ཏེ་བདག་ནི་འགྲོ་དགོས་ནའ། །
རྟོགས་པའི་ཆོས་ལ་སྲིད་ཡོད་ནའ། །
ཅི་ཙམ་འཚོ་བའི་ནོར་བསགས་ཀྱང་། །
འཆི་བའི་ནངས་པར་གཅིག་མྱི་སྣང་། །
ཅི་ཙམ་འཚོ་བའི་ཟས་བསགས་ཀྱང་། །
འཆི་བའི་ནང་པར་ལྟོགས་པར་འགྲོ། །
ཅི་ཙམ་འཚོ་བའི་གོས་བསགས་ཀྱང་། །
འཆི་བའི་ནང་པར་གཅེར་བུར་འགྲོ། །
གཉེན་བཤེས་མང་པོས་མཐའ་བསྐོར་ཡང་། །
ཤི་བའི་ནང་པར་གཅིག་མི་སྣང་། །
ལྡན་པའི་ཁབ་ཁང་སྔུན་ན་ཁྱེར། །
བློ་ལྡན་དཔའ་འཛངས་གང་ཡང་རུང་། །
དགེ་བཅུ་རྐ་༼དཀའ་༽ཡང་མ་གཏང་ཞིག།
ལྷ་དང་མྱིར་སྐྱེ་ས་བོན་ཡིན། །
མྱི་དགེ་བཅུ་པོ་སླ་མོད་ཀྱི། །
ངན་སོང་གསུམ་པོ་བཟོད་གླགས་མྱེད། །
དེ་བས་བརྩོན་ཏེ་དགེ་བཅུ་སྤྱོད། །
ཞལ་ནས་གསུངས་པའི་ལྗོང་ཤིང་རྫོགས་སོ། ། ཞེས་པ་ལྟར་རོ། །